པདྨ་དགའ་ཚལ་གྱི་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ།

པདྨ་དགའ་ཚལ་ལུ་ ཕོ་སྐྱེས་༣༤༥ དང་ ཨམ་སྲུ་༤༧༢ ཀྱིས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ།

༉ པདྨ་དགའ་ཚལ་གྱི་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་༣ ནང་ ཕོ་སྐྱེས་༣༤༥ དང་ ཨམ་སྲུ་༤༧༢ བརྩིས་ཏེ་ བསྡོམས་མི་གྲངས་༨༡༧ གྱིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

པདྨ་དགའ་ཚལ་ལུ་ ལྷན་ཐབས་ས་ཁོངས་༣ ཡོད་མི་དེ་ཡང་ པདྨ་དགའ་ཚལ་འབྲིང་རིམ་སློབ་གྲྭ་བར་མ་དང་ ངང་ལམ་འབྲིང་རིམ་སློབ་གྲྭ་གོང་མ་ དེ་ལས་ གདུང་བསམ་རྩི་ས་ལས་འཛིན་ཚུ་ཨིན་པས།

ལྷན་ཐབས་ས་ཁོངས་ག་རའི་ནང་ ཨ་ལོ་འབག་མི་ཨམ་སྲུ་དང་ ལོ་ན་རྒས་ཤོསམ་ཚུ་ལུ་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ ཚོགས་རྒྱན་ཧེ་མ་ བཙུགས་ནིའི་གོ་སྐབས་བྱིན་ཡི།

གདུང་བསམ་རྩི་སའི་ ཚོགས་རྒྱན་ས་ཁོངས་ནང་ མི་ངོམ་༡༥༥ ཚོགས་རྒྱན་བཙུགས་མིའི་གྲས་ལས་ ཕོ་སྐྱེས་༨༣ དང་ ཨམ་སྲུ་༧༢ ཡོདཔ་བཞིན་དུ་ ས་ཁོངས་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༦༠༠ ཐོ་བཀོད་འབད་ཡོདཔ་ད་ ངང་ལམ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༩༢༦ ལས་༣༥༩ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

དེ་ལས་ པདྨ་དགའ་ཚལ་འབྲིང་རིམ་བར་མའི་ས་ཁོངས་ནང་ མི་༣༠༣ གྱིས་ ཚོགས་རྒྱན་བཙུགས་མིའི་གྲས་ལས་ ཕོ་སྐྱེས་༡༢༧ དང་ ཨམ་སྲུ་༡༧༦ ཡོདཔ་བཞིན་དུ་ ས་ཁོངས་དེ་གི་དོན་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༡,༡༥༣ དང་ ཨམ་སྲུ་༡,༣༣༧ བརྩིས་ཏེ་ བསྡོམས་༢,༤༩༠ ཐོ་བཀོད་འབད་ཡོདཔ་ཨིན་པས།

མི་ཚུ་གིས་ དྲོ་པའི་ཆུ་ཚོད་༩ མ་ལངམ་ཅིག་ལས་ པདྨ་དགའ་ཚལ་འབྲིང་རིམ་སློབ་གྲྭའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་ འགྱོ་མི་ལས་གཅིག་ སྒེར་སྡེ་ནང་ལཱ་འབད་མི་ འཕྲིན་ལས་རྡོ་རྗེ་ཨིནམ་ད་ ཁོ་གི་གནས་ཚང་དེ་ཡང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་རུང་ ཨ་ལོ་ན་མི་དེ་ བལྟ་དགོཔ་ལས་ ཁོ་ར་རྐྱངམ་གཅིག་ འོང་ཡི་ཟེར་ཨིན་པས།

སྐྱེས་ལོ་༣༤ ལང་མི་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ དྲོ་པའི་ཆུ་ཚོད་༨ དང་སྐར་མ་༣༠ དེ་ཅིག་ལས་ ཁྱིམ་ནང་འགོ་བཙུགས་ཅི་ཟེར་ཨིནམ་བཞིན་དུ་ ཉིན་མའི་ཆུ་ཚོད་༡༡ ལང་རུང་ ཚོགས་རྒྱན་བཙུགས་མ་ཚུགས་པར་ གྱལ་ནང་བསྒུགས་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་བཙུགས་པའི་ཤུལ་ལས་ ལོག་ཁྱིམ་ནང་སོང་སྟེ་ གནས་ཚང་དེ་ ཚོགས་རྒྱན་བཙུགས་པར་ གཏང་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁོ་གི་བུ་དེ་ ཚབས་ཆེན་སྦེ་ ན་སྟེ་ཡོདཔ་ལས་ རིམ་གྲོ་འབད་དགོཔ་ཡོད་རུང་ ཚོགས་རྒྱན་ཕུད་རྡོག་གཅིག་གིས་འབད་རུང་ ལྕོགས་གྲུབ་ཅན་གྱི་ གཞུང་གདམ་འཐུ་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་ནིའི་ དབང་ཆ་དེ་ འཕྲོ་བརླག་མི་གཏང་ནིའི་དོན་ལུ་ སྐོར་རྒྱབ་སྦེ་ སོང་ཡི་ཟེར་ཨིན་པས།

བཀྲིས་སྒང་ལས་ སྐྱེས་ལོ་༤༥ ལང་མི་ བསྟན་པ་བཀྲིས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ ཚོགས་རྒྱན་བཙུགས་པར་ གཡུས་ཁ་སོང་ཡོད་རུང་ ཐུག་རྐྱེན་གྱི་ གནད་དོན་ལེ་ཤ་བྱུང་དོ་ཡོདཔ་ལས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ཀྱི་ ཚེ་སྲོག་ཉེན་སྲུང་ལུ་མ་ཚད་ ཟད་འགྲོ་ཚུ་ལུ་ཡང་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བཟའ་ཚང་ལ་ལོ་ཅིག་ ཨ་ལོ་ཚུ་དང་གཅིག་ཁར་ འགྲོ་འགྲུལ་འབད་ནི་ལུ་ གདོང་ལེན་འབྱུང་དོ་ཡོདཔ་བཞིན་དུ་ རང་སོའི་གཡུས་ཁ་འགྱོ་ནི་ལུ་ ཟད་འགྲོ་སྦོམ་གནས་དོ་ཡོད་མི་ལུ་བརྟེན་ ལ་ལོ་ཅིག་གིས་ ཚོགས་རྒྱན་གྱི་ ཐོབ་དབང་སྤྱོད་ནི་དེ་ སྣང་མེད་སྦེ་ བཀོག་བཞགཔ་མས་ཟེར་ ཨིན་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

གནས་ཚུལ་མདོར་བསྡུས།

ཧཱ་ལུ་ རྒྱ་གར་གྱི་དམག་སྦྱོང་ལྟེ་བ་ ཨིམ་ཊཱཊ་གིས་ གཞི་བཙུགས་ཀྱི་ཉིནམ་༥༦ པ་ བརྩི་སྲུང་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༩ ལས་༢༢ ཚུན་འབད་མི་ དུས་སྟོན་དེ་ ལོ་ངོ་༥༠ འཁོར་བའི་ རྒྱ་འབྲུག་༢ ཀྱི་དོན་གཅོད་མཐུན་ལམ་དང་ …

Leave a Reply

Your email address will not be published. Required fields are marked *