སྤང་ཐང་བཟུམ་སྦེ་མཐོང་མི་ པད་གླིང་མཚོ།

པདྨ་དགའ་ཚལ་ལུ་ཡོད་མི་ པད་གླིང་མཚོ་གི་ རྒྱབ་ཁུངས།

༉ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ བདེ་ཆེན་གླིང་རྒེད་འོག་ལྟེ་བ་ལས་ སྣུམ་འཁོར་ནང་ དུས་ཡུན་སྐར་མ་༢༠ དེ་ཅིག་ འགྲོ་འགྲུལ་འབད་བའི་ཤུལ་ལས་ ཁོ་ལོམ་རི་གཡུས་ཚན་གྱི་མཇུག་ལུ་ ག་ནི་བ་ཉམས་དགའ་བའི་ སྤང་ཐང་བཟུམ་ཅིག་ མཐོངམ་ཨིན་མས།
དེ་ཡང་ སྦོ་ལོགས་ཁར་ལྷོད་པའི་སྐབས་ སྤང་ཐང་མེན་པར་ པད་གླིང་མཚོ་ཟེར་མི་དེ་ཨིནམ་ད་ མཚོ་དེ་ སྔོན་དང་ཕུ་ ཨེ་ཀར་༥༠༠ ལྷགཔ་ཅིག་ཡོདཔ་སྦེ་ བཤད་སྲོལ་ཡོདཔ་བཞིན་དུ་ ད་རེས་ མཚོའི་ཆུ་མཇུག་ཨིན་ཟེར་ རོང་ཆུ་ཅིག་མ་གཏོགས་ མཐོང་སྲོལ་མིན་འདུག།
གཡུས་མི་ཚུ་གིས་ མཚོ་དེ་གི་མིང་ པད་གླིང་མཚོ་ཟེར་ ཧེ་མ་ལས་ར་ བཏགས་ཡོད་པའི་སྐོར་ལས་མ་གཏོགས་ པད་གླིང་མཚོ་ཟེར་ བཏགས་དགོ་མི་དང་ ཡང་ཅིན་ མཚོ་དེ་ པད་གླིང་མཚོ་ངོ་མ་ཨིན་ན་མེན་ནའི་སྐོར་ལས་ཡང་ ཁ་གསལ་སྦེ་ ཤེས་རྟོགས་ཡོད་མི་ ག་ཡང་མེདཔ་ཨིན་པས།
ཤིང་སྐྱོང་རི་སྤྱི་འོག་ལས་ སྐྱེས་ལོ་༦༥ ལང་མི་ ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕམ་རྒན་ཤོས་ཚུ་གིས་ ལོ་རྒྱུས་སླབ་མི་དང་འཁྲིལཝ་ད་ དང་ཕུ་འབྱོགཔ་ཚུ་ ལུག་༩ དང་གཅིག་ཁར་ བོད་ལུ་ ཚྭ་ལེན་པར་སོང་སྟེ་ ལོག་འོང་བའི་ལམ་ཁར་ ལུག་༣ མཚོ་ཅིག་ནང་ ཁོང་གི་གདོང་ཁ་ར་ འཐིམས་སོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྱོགཔ་ཚུ་ཁོང་ཁྲོ་ལང་ཡོད་པའི་ཁར་ ངན་མཁས་དྲགས་ཡོད་མི་ཅིག་ འབད་ནི་དེ་གིས་ མཚོ་དེ་ལུ་ ངན་རྐྱབ་ནུག་ཟེར་ཨིནམ་ད་ འབྱོགཔ་ཚུ་གིས་ ལོག་ཅི་ར་ ངན་རྐྱབ་མི་ལུ་བརྟེན་ མཚོ་སྨན་རྒྱལམོ་༢ དེ་ནང་ འབད་མ་ཚུགས་པར་ འབྱོག་འོང་དགོཔ་ཐོན་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ མཚོ་སྨན་རྒྱལམོ་༢ གོང་རི་བརྒྱུད་དེ་ བྱོག་འོང་ཡོདཔ་བཞིན་དུ་ ས་གནས་སྟོད་ལུང་ཟེར་སར་ལྷོདཔ་ད་ བདེ་ཆེན་གླིང་ལས་ཨིན་མི་ བུཚ་འཇའ་རིསམོ་ཅིག་ གོ་ལ་འཁྱུ་སྡོད་སར་མཐོང་ཡོདཔ་ལས་ མཚོ་སྨན་རྒྱལམོ་༢ ཁོ་ལུ་ སེམས་ཆགས་ཡོད་མི་ལུ་བརྟེན་ ཁོ་འབད་སར་སོང་སྟེ་ བཤད་ཐོ་བཏང་སྡོད་ནུག་ཟེར་ཨིན་པས།
དེ་ལས་ ཁོང་མཚོ་སྨན་རྒྱལམོ་༢ ཆགས་ནིའི་དོན་ལུ་ ས་ཆ་ལེགས་ཤོམ་ཅིག་ ལྟ་བའི་བསྒང་འབད་ནི་དེ་གིས་ བུཚ་དེ་དང་གཅིག་ཁར་ བདེ་ཆེན་གླིང་ཁ་ཐུག་འོང་ཡོདཔ་བཞིན་དུ་ ས་གནས་ཁོ་ར་གཙང་ཟེར་སར་ལྷོདཔ་ད་ མཚོ་སྨན་རྒྱལམོ་༢ གར་སོང་མེད་པར་ ཡར་སོཔ་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་གཙང་ལུ་ལྷོདཔ་ད་ བུཚ་དེ་གིས་ རྒྱབ་ལོག་ལྟ་བའི་སྐབས་ མཚོ་སྨན་རྒྱལམོ་ཨིན་མི་ བུམོ་༢ པོ་དེ་ མཐོང་མ་ཚུགསཔ་ད་ མར་ལས་ཡར་བལྟ་ གཅིག་ཁར་འོང་རུང་ དེ་ཁར་ལྷོདཔ་ད་ གར་སོང་མེད་པར་ ཡར་སོཔ་ལས་ མི་ཨིན་ན་ ཡང་ཅིན་ བདུད་ཀྱི་ཆོ་འཕྲུལ་ཨིན་ན་ཟེར་ བུཚ་དེ་གི་སེམས་ཁར་ཤར་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བུཚ་དེ་ བུམོ་༢ ཀྱི་སྐོར་ལས་ མནོ་བསམ་བཏང་སྟེ་ ཞག་ཡང་ཉལ་མ་ཚུགས་པར་ སྡོད་ཡོདཔ་བཞིན་དུ་ དྲོ་པའི་ཆུ་ཚོད་༣ དང་༤ དེ་ཅིག་ཁར་ ཁོ་གིས་ བུམོ་༢ ཀྱིས་ ཁྱོད་ཀྱིས་ ང་བཅས་ལུ་ ང་བཅས་ཀྱིས་ཡང་ ཁྱོད་ལུ་དགའ་མི་བཏབ་ དེ་ལས་ ང་བཅས་༢ མཚོ་སྨན་རྒྱལམོ་ཨིནམ་ལས་ ང་བཅས་༢ སྡོད་སའི་ ས་ཁོངས་ནང་ དབུགས་བཞག་ཡོད་མི་ལུ་བརྟེན་ ཁྱོད་ཆ་ཁྱབ་ས་ཁོངས་ནང་ མ་ཤོག་ཟེར་ སླབ་ཡོད་པའི་ གཉིད་ལམ་མཐོང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ གཙང་སྦྲ་སྦེ་ བཞག་མ་ཚུགས་མི་ལུ་བརྟེན་ གཞལམ་སྒང་བུ་ལི་ལུ་ འབྱོག་སོང་ཞིནམ་ལས་ དེ་ཁའི་མཚོ་སྨན་རྒྱལཔོ་དང་གཅིག་ཁར་ གཉེན་རྐྱབ་སྡོད་ཡོདཔ་བཞིན་དུ་ མཚོ་སྨན་རྒྱལམོ་གི་མིང་དེ་ མཚོ་སྨན་ཀུན་ཏུ་བཟང་མོ་ཨིན་པའི་ ལོ་རྒྱུས་ཚུ་ སླབ་ནི་འདུག་ཟེར་ཨིན་པས།
ཧེ་མ་ སྤྱི་འོག་དེ་ནང་ ཆུ་མེད་པའི་སྐབས་ མཚོ་མཇུག་གི་ རོང་ཆུ་དེ་ འཐུང་ཆུ་ངོ་མ་ཅིག་སྦེ་ ལག་ལེན་འཐབ་ཡོདཔ་བཞིན་དུ་ རོང་ཆུ་དེ་ སྐམ་སོ་པ་ཅིན་ སྤྱི་འོག་ལུ་ དཀའ་ངལ་འབྱུང་ནི་ཨིནམ་ལས་ མི་ཚུ་གིས་ སྙན་ཞུ་འབད་མི་དང་འཁྲིལ་ ནགས་ཚལ་ལས་ཁུངས་ཀྱིས་ ཉམས་སྲུང་འབད་ནིའི་དོན་ལུ་ མཚོའི་ས་ཁོངས་ཚུ་ ར་བ་རྐྱབ་ཅི་ཟེར་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།
མཚོ་ཆགས་སའི་ ས་ཁོངས་ནང་སོང་སྟེ་ རྐངམ་བཀལ་བའི་སྐབས་ ས་སྤར་དོ་ཡོདཔ་ད་ མཚོ་དེ་ པད་གླིང་མཚོ་རྐྱངམ་གཅིག་མེན་པར་ མིང་གཞན་གཡང་མཚོ་དང་ ཡོང་མཚོ་ཟེར་ཡང་ སླབ་སྲོལ་ཡོདཔ་ད་ ཡོང་མཚོ་ཟེར་མི་དེ་ ཤར་ཕྱོགས་པའི་ཁ་སྐད་ནང་ གྱིབ་མ་ལུ་ སླབ་ཨིན་པས།
དེ་ཡང་ ཁོ་ལོམ་རི་ལས་ སྐྱེས་ལོ་༦༦ ལང་མི་ བཀྲིས་ཀྱིས་ སླབ་མིའི་ནང་ མཚོ་དེ་ ག་ཏེ་ལས་ འོང་ཡོདཔ་ཨིན་ན་ ཤེས་རྟོགས་མེད་རུང་ པད་གླིང་སྒོ་མོའི་མཚོ་ཟེར་ གདུང་སྨད་རྒེད་འོག་གི་ལྟག་ལུ་ ཆགས་ཏེ་སྡོད་པའི་སྐབས་ ཨམ་སྲུ་ཅིག་གིས་ དེ་ནང་ ས་ཆ་ལེགས་ཤོམ་མེདཔ་ལས་ ས་ཆ་ལེགས་ཤོམ་ཡོད་ས་ཅིག་ནང་ སོང་ཟེར་སླབ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨམ་སྲུ་དེ་གིས་ ས་ཆ་ལེགས་ཤོམ་ག་ཏེ་ཡོདཔ་ཨིན་ན་ བལྟ་བར་འོང་སྟེ་ ཁོ་ར་གཙང་ལུ་ལྷོདཔ་ད་ ས་ཆ་ལེགས་ཤོམ་མཐོངམ་ལས་ དེ་ནང་སོང་ཟེར་སླབ་སྟེ་ བཏང་ནུག་ཟེར་ཨིནམ་ད་ མཚོ་དེ་གིས་ མི་ཚུ་ལུ་ དངོས་གྲུབ་ལ་སོགས་པ་ག་ནི་ཡང་མེད་རུང་ གནོད་པ་ཚུ་ཡང་མ་བཀལཝ་ལས་ མིང་ཡང་གཡང་མཚོ་ཟེར་ བཏགས་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བསྒང་ གཡང་མཚོ་དང་གཅིག་ཁར་ འདྲེ་མཚོ་ཡང་ ཆགས་ཡོདཔ་ལས་ མི་ཚུ་ལུ་ གནོད་པ་བཀལ་ཏེ་ འབད་མ་ཚུགས་མི་ལུ་བརྟེན་ ལ་ལོ་ཅིག་གིས་རྡོ་བཙོ་ ལ་ལོ་གིས་ གྲུ་བཟོ་བའི་ཤུལ་ལས་ མཚོ་ནང་སོང་སྟེ་ རྡོ་བཙོ་མི་ཚུ་ མཚོ་ནང་བཀོག་ཐོག་ལས་ བདའ་བཏང་ནུག་ཟེར་ཨིན་པས།
འདྲེ་མཚོ་དེ་ རྣམ་དག་གླིང་སྤྱི་འོག་བརྒྱུད་དེ་ བྱོག་སོང་ཡོདཔ་ད་ མཚོ་དེ་གི་བདུད་ སྦུལ་མགུ་ཏོ་༩ ཡོད་མི་དེ་ བྱོག་འགྱོ་བའི་སྐབས་ ཨྱོན་གུ་རུ་རིན་པོ་ཆེ་གིས་ མཇུག་མ་བཏོགས་བཏངམ་ད་ སྦུལ་ཆུང་ཀུ་ཅིག་ ས་ཁར་བུད་ལུས་མི་དེ་ གསེར་གྱི་ཟངས་གཞོང་ཅིག་གིས་ སྤུབས་བཞག་ཡོདཔ་བཞིན་དུ་ འདྲེ་མཚོ་དང་གཅིག་ཁར་ གཡང་མཚོ་ཡང་ བྱོག་ཡར་སོ་ནུག་ཟེར་ཨིན་པས།
བཀྲིས་ཀྱིས་ སླབ་མིའི་ནང་ ཁོ་ར་ཆུང་ཀུ་སྦེ་ སྡོད་པའི་སྐབས་ སྦུལ་ལེ་ཤ་འོང་དོ་ཡོདཔ་ལས་ མཚོ་ཆགས་སའི་ ས་ཁོངས་ནང་ འགྱོ་མི་ཚུགས་ཟེར་ཨིནམ་ད་ དེ་ཁ་ལས་ ལམ་འགྱོ་དགོ་རུང་ མི་༤ དང་༥ སྦེ་ སྡེ་ཚན་ནང་ འགྱོ་དགོཔ་བཞིན་དུ་ གྱིབ་མ་དེ་ མཚོ་ཆགས་སའི་ནང་ ཕོག་པའི་སྐབས་ མི་ཚུ་ལུ་ ཤི་རྐྱེན་བྱུང་ནི་ཡོདཔ་ལས་ ལམ་ཡང་ གཞན་ཁ་ལས་ འགྱོ་དགོ་ཟེར་ཨིན་རུང་ ཤུལ་ལས་ བླ་སྤྲུལ་ཚུ་བྱོན་ཏེ་ ཐུགས་སྨོན་གནང་མི་ལུ་བརྟེན་ ཧེ་མ་བཟུམ་སྦེ་ གནོད་པ་དེ་ཅིག་ མེད་ཟེར་ཨིན་པས།
མཚོའི་ས་ཁོངས་ནང་ སྦུལ་ཚུ་ ད་རེས་ནངས་པ་ཡང་ ཕྱད་ནི་ཡོད་རུང་ གནོད་པ་བཀལ་ནི་མེད་ཟེར་ཨིནམ་ད་ སྦུལ་དེ་ཚུ་ ཧེ་མ་ སྦུལ་ཆུང་ཀུ་ཅིག་ ས་ཁར་བུད་ལུས་མི་དེ་གིས་ དར་ཡོདཔ་སྦེ་ སླབ་ནི་འདུག་ཟེར་ ཨིནམ་བཞིན་དུ་ པད་གླིང་མཚོ་ཟེར་ དར་ཁྱབ་སོང་མི་དེ་ཡང་ པད་གླིང་སྒོ་མོའི་མཚོ་འབད་ནི་དེ་གིས་ བཏགས་བཏགསཔ་འོང་ནི་མས་ཟེར་ བཀྲིས་ཀྱིས་ བཤདཔ་མས་ཟེར་ ཞུ་ནི་ཨིན།

སྐལ་བཟང་དབང་ཕྱུག། ངང་ལམ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *