ཁྱི་རི་དགོན་པའི་ ལྷ་ཁང་བྱིན་ཅན།

པདྨ་དགའ་ཚལ་ལུ་ཡོད་པའི་ བྱིན་བརླབས་ཅན་གྱི་ ཁྱི་རི་དགོན་པའི་ལོ་རྒྱུས།

༉ གདུང་བསམ་པདྨ་དགའ་ཚལ་ལུ་ གདུང་མཁར་དགོན་པ་དང་ ཡོངས་ལ་དགོན་པ་ལ་སོགས་པའི་ བྱིན་བརླབས་ཅན་གྱི་ ལྷ་ཁང་དང་ དགོན་སྡེ་མང་རབས་ཅིག་ཡོད་པའི་གྲས་ལས་ ཁྱི་རི་དགོན་པ་དེ་ཡང་ ལྷ་ཁང་བྱིན་བརླབས་ཅན་དང་ རྙིང་ཤོས་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ ཁྱི་རི་དགོན་པའི་ ལྷ་ཁང་དེ་ སྤྱི་ལོ་༡༥༣༤ ལུ་ གཏེར་སྟོན་པདྨ་གླིང་པའི་སྲས་བཞི་པ་ མཁས་སྒྲུབ་ཀུན་དགའ་དབང་པོ་གིས་ གདན་ས་ཕྱག་བཏབ་གནང་ཡོདཔ་ད་ དགོན་པའི་མིང་དེ་ ཁ་རི་དགོན་པ་ཟེར་ཨིན་རུང་ ད་རེས་ནངས་པ་ ཁྱི་རི་དགོན་པ་ཟེར་ ཡོངས་གྲགས་ཡར་སོ་ནུག།
དགོན་པའི་ཇོ་བདག་གིས་ དགོན་པའི་སྐོར་ལས་ བསྡུ་སྒྲིག་འབད་ཡོད་མི་དང་འཁྲིལཝ་ད་ མཁས་སྒྲུབ་ཀུན་དགའ་དབང་པོ་ ཡར་གཏེར་སྟོན་པདྨ་གླིང་པའི་ བཀའ་དང་འཁྲིལ་ ཤར་ཕྱོགས་བཀྲིས་སྒང་ མུག་སྟངས་མཁར་ལུ་ བྱོན་ཞིནམ་ལས་ དེ་ཁར་ གདན་ས་བཅགས་ཏེ་ འགྲོ་དོན་རྒྱ་ཆེར་མཛད་བཞུགས་པའི་སྐབས་ གནས་ཆེན་རྩ་མཆོག་གྲོང་ལུ་ གནས་སྐོར་ལུ་བྱོན་ནིའི་ ཐུགས་བཞེད་གནང་ཡོདཔ་ཨིན་པས།
མཁས་སྒྲུབ་ཀུན་དགའ་དབང་པོ་ དང་ཕུའི་གཞུང་ལམ་དེ་ཁར་ལས་ སྐལ་བཟང་ཁུར་ཤིང་བསྣམས་ཞིནམ་ལས་ ཞབས་སྟོང་སྦེ་བྱོན་ཏེ་ ད་ལྟོ་ ལྷ་ཁང་ཡོད་སའི་ནང་ཕེབས་ད་ སྐུ་འོ་བརྒྱལ་མི་ལུ་བརྟེན་ སྐུ་ངལ་གནང་བཞུགས་པའི་སྐབས་ རིའམ་ གངས་རི་ཆུང་ཀུ་ཅིག་ཡོད་མི་དེ་ལས་ བྱི་ཅུང་ཅིག་ བླ་མའི་སྐུ་མདུན་ལུ་འོང་སྟེ་ ཤོག་སྒྲོ་དང་བཅས་ སྐད་སྙན་པའི་གླུ་གར་ཚར་༣ རྐྱབ་ཡོདཔ་བཞིན་དུ་ བླམ་གིས་ དེ་ག་ཅི་ཨིན་ན་ཟེར་ ཐུགས་བཞེད་གནང་སྟེ་ གངས་རི་དེའི་ རྩ་བར་བྱོན་ཏེ་གཟིགསཔ་ད་ མཚོ་ཆུང་ཀུ་ཅིག་ གཟིགས་ཡོདཔ་ཨིན་པས།
ད་རུང་ བྱི་ཅུང་དེ་གིས་ མཚོའི་ཐོག་ཁར་ གར་འཆམ་རྐྱབ་སྟེ་ ཤོག་སྒྲོ་གིས་ བླམ་ལུ་ ཆུ་གཏོར་བྱིན་མི་ལུ་ བླམ་ཐུགས་དགྱེས་ཡོདཔ་མ་ཚད་ དེ་ལུ་ རྟགས་མཚན་ཅིག་འོང་ཟེར་ དེ་ཁར་ ཐུགས་བཞེད་གནང་མི་ལུ་བརྟེན་ བདུན་ཕྲག་༡ གི་རིང་ སྒོམ་གནང་སྟེ་ བཞུགས་པའི་སྐབས་ ཉེ་འདབས་ཀྱི་ ནོར་རྫིཔ་ཅིག་གིས་ ཤེས་རྟོགས་བྱུང་སྟེ་ གཡུས་ཁའི་གཙོ་རྒན་དང་ རྒན་ཤོས་ཚུ་ལུ་ སླབ་ཡོདཔ་ཨིན་པས།
དེ་ལས་ གཙོ་རྒན་དང་ གཡུས་མི་ཚུ་ ཕྱག་མཇལ་འབག་སྟེ་ བླམ་མཇལ་བར་ སོང་ཡོདཔ་བཞིན་དུ་ ཁོང་གིས་ བླམ་ག་ཏེ་ལས་བྱོན་ཡི་ མཚན་ག་ཅི་ཞུཝ་སྨོ་ཟེར་ ཞུ་བའི་ལན་ལུ་ བླམ་གིས་ ང་བཀྲིས་སྒང་ མུག་སྟངས་མཁར་ལས་འོང་ཡི་ ང་ར་རིག་འཛིན་པདྨ་གླིང་པའི་ སྲས་བཞི་པ་ མཁས་སྒྲུབ་ཀུན་དགའ་དབང་པོ་ཟེར་མི་དེ་ ཨིན་ཟེར་གསུངསམ་ད་ ཁོང་ཆ་ཁྱབ་ སེམས་ལུ་དགའ་བ་དང་ དད་པ་སྦོམ་བྱུང་སྟེ་ བླམ་རིན་པོ་ཆེ་ གཡུས་འདི་ནང་ མུན་པ་སེལ་དོ་བཟུམ་སྦེ་ བྱོན་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ ཞུ་ཡོདཔ་ཨིན་པས།
མི་རྒན་ཤོས་ཚུ་གིས་ སླབ་མིའི་ནང་ བླམ་གིས་ གཙོ་རྒན་དང་ གཡུས་མི་ཚུ་ལུ་ ཁྱེད་ཚུ་གིས་ གཙུག་ལག་ཁང་ངམ་ ལྷ་ཁང་ཅིག་ བཞེངས་ཚུགས་པ་ཅིན་ རྟེན་འབྲེལ་ལེགས་ཤོམ་ཡོདཔ་བཞིན་དུ་ གཡུས་འདི་ནང་ ནད་ཡམས་མུ་གེ་ཞི་ནི་དང་ ཚོགས་བསགས་ནི་དང་ སྒྲིབ་པ་སྦྱང་ནི་ དེ་ལས་ ཚེ་འདི་ཕྱི་༢ ཆ་ར་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་གསུངསམ་ལས་ གཡུས་མི་ཚུ་གིས་ཡང་ ཁ་འཆམ་ཐོག་ལས་ ལྷ་ཁང་བཞེངས་ནི་སྦེ་ ཐག་བཅད་ནུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཙོ་རྒན་དང་ གཡུས་མི་ཚུ་གིས་ བླམ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ བླམ་གིས་ ཁྱེད་ཆ་ཁྱབ་ཀྱིས་ རྡོ་དང་ཤིང་ཆས་ལ་སོགས་པ་ཚུ་ སྒྲ་སྒྲིག་འབད་དེ་བཞག་ ང་ར་ རྩ་མཆོག་གྲོང་གི་ གནས་སྐོར་ལས་ལོག་འོང་སྟེ་ ལྷ་ཁང་དེ་ བཞེངས་ནི་ཨིན་ཟེར་གསུངས་ཏེ་ གནས་སྐོར་ལུ་ བྱོན་ཡོདཔ་ད་ ནང་སྐོར་དང་ ཤ་ལི་མཁར་གྱི་ གཙོ་རྒན་༢ ཀྱིས་ འགོ་འདྲེན་ཐོག་ གཡུས་མི་ཚུ་གིས་ཡང་ རྡོ་དང་ཤིང་ཆས་ལ་སོགས་པ་ཚུ་ སྒྲ་སྒྲིག་འབད་ཡོདཔ་ཨིན་པས།
ཇོ་བདག་གིས་ ལོ་རྒྱུས་བསྡུ་ལེན་འབད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བླམ་ཡང་ གནས་སྐོར་ཡང་ ལོག་བྱོན་ཡོདཔ་ལས་ ལྷ་ཁང་བཞེངས་ནིའི་དོན་ལུ་ བླམ་གིས་ བྱིའུ་ཅུང་འོང་སའི་ གངས་རི་དེ་ཁར་ བདུན་ཕྲག་༡ གི་རིང་ སྒོམ་སྒྲུབ་གནང་པའི་ཤུལ་ལས་ སྤྱི་ལོ་༡༥༣༤ ལོ་ལུ་ མཚོའི་ཐོག་ཁར་ ལྷ་ཁང་དེ་ དུས་ཡུན་ཟླཝ་༥ དེ་ཅིག་ནང་ར་ བསྒྲུབས་ཡོད་མི་ལུ་བརྟེན་ རང་ཟླ་༥ པའི་ཚེས་༡ ལས་༡༠ ཚུན་ ཉིནམ་༡༠ གྱི་རིང་ བཀྲིས་རབ་གནས་དང་འབྲེལ་ སྒྲུབ་ཆེན་གནང་ནུག་ཟེར་ཨིན་པས།
ལྷ་ཁང་གི་མིང་ ཁ་རི་དགོན་པ་ཟེར་ བཏགས་དགོ་མི་དེ་ བྱི་ཅུང་དེ་གིས་ མཚོ་ཆུང་ཀུ་དེ་ སྟོན་ཐོག་ལས་ ལྷ་ཁང་བཞེངས་ནི་དེ་གིས་ ཚངས་ལྷའི་ཁ་སྐད་ནང་ བྱི་ཅུང་ལུ་ ཁ་དང་ རི་ཟེར་མི་དེ་ མཚོ་འམ་ཆུ་དེ་ལུ་ སླབ་དོ་ཡོད་མི་ལུ་བརྟེན་ ཁ་རི་དགོན་པ་ཟེར་ བཏགས་ཡོད་རུང་ ད་རེས་ནངས་པ་ ཁྱི་རི་དགོཔ་ཟེར་ ཡོངས་གྲགས་སོང་ཡོདཔ་ཨིན་པས།
དེ་ལས་ ལྷ་ཁང་གི་ དཀོན་གཉེར་སྦེ་ ཁྱིམ་གུང་པ་དང་ ཤིང་དང་ ཆུ་སྐྱེལ་འདྲེན་འབད་མི་ ཁྱིམ་གུང་པ་༡༠ བཅས་ བསྡོམས་ཁྱིམ་གུང་པ་༡༤ དེ་ ཤོ་མར་མཁོ་ཆེ་གིས་ འགོ་འདྲེན་འཐབ་ནི་སྦེ་ ཁས་ལེན་འབད་ཡོདཔ་བཞིན་དུ་ ལྷ་ཁང་གི་དོན་ལུ་ ས་ཞིང་ཚུ་ཡང་ དམ་ཅན་ཤན་དམར་དཔང་པོ་བཙུགས་ཐོག་ལས་ ཕུལ་ཡོདཔ་ཨིན་པས།
ཁྱི་རི་དགོན་པའི་འོག་ལུ་ གཞུང་ལམ་གྱི་ ཉེ་འདབས་ལུ་ཡོད་མི་ རྡོ་ལེབ་ཅིག་གུ་ མཁས་སྒྲུབ་ཀུན་དགའ་དབང་པོ་ སྐུ་ངལ་གནང་བཞུགས་པའི་ སྐལ་བཟང་ཁུར་ཤིང་དང་ ཞབས་རྗེས་ཚུ་ མཇལ་ནི་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ནང་སྐོར་དང་ ཤ་ལི་མཁར་གྱི་ གཙོ་རྒན་༢ ཀྱིས་ འགོ་འདྲེན་འཐབ་སྟེ་ གདུང་བསམ་མདོ་བཞིའི་མི་ཚུ་ འཛོམས་ཞིནམ་ལས་ ཕྱག་མཇལ་ལ་སོགས་པ་ཚུ་འབག་སྟེ་ བླམ་ལུ་ཞབས་བརྟན་ལ་སོགས་པ་ཕུལ་ཐོག་ བླམ་གིས་ འདི་ནང་བྱོན་ཏེ་ ལྷ་ཁང་བཞེངས་གནང་མི་ལུ་ དགའ་ཚོར་མེད་ཡོདཔ་བཞིན་དུ་ ད་རེས་ལས་ ལྷ་ཁང་གི་ ཕྱག་མཆོད་ཕུལ་ནི་ལ་སོགས་པའི་ ཕྱི་ནང་གི་ཞབས་ཏོག་ ག་ཅི་ཞུ་དགོཔ་ཡོད་རུང་ ང་བཅས་ཀྱིས་ཞུ་ནིའི་ ཁས་བླངས་ཕུལ་དོ་ཡོད་མི་ལུ་བརྟེན་ བླམ་ཁྱི་རི་དགོན་པ་ལུ་ར་ བཞུགས་གནང་ཟེར་ ཞུ་བ་འབད་ཡོདཔ་ཨིན་པས།
དེ་ལུ་ བླམ་གིས་ ཁྱེད་ཀྱིས་ དེ་སྦེ་སླབ་མི་དེ་ རྟེན་འབྲེལ་ལེགས་ཤོམ་ཨིན་རུང་ ང་ར་ རྒྱལ་བའི་ལུང་བསྟན་དང་འཁྲིལ་ བཀྲིས་སྒང་ མུང་སྟངས་མཁར་ལུ་ ངེས་པར་དུ་ འགྱོ་དགོཔ་ཡོདཔ་ལས་ ཁྱེད་ཆ་ཁྱབ་ སེམས་མ་ཕམ་ སང་ཕོད་ཀྱི་ལོ་ནང་ ངེའི་རྒྱུད་པ་ཅིག་འོང་ནིའི་ རྟེན་འབྲེལ་བྱུང་ཡོདཔ་བཞིན་དུ་ ཁྱེད་ཚུ་གིས་འབད་རུང་ ང་དང་དབྱེ་བ་ག་ནི་ཡང་མེད་པར་ ཁོ་ལུ་ཡང་ དད་པ་དང་ མོས་གུས་བསྐྱེད་དགོ་ཟེར་གསུངས་ཏེ་ མུག་སྟངས་མཁར་ལུ་ བྱོན་ནུག་ཟེར་ ཞུ་ནི།

འཕྲོ་མཐུད་བདུན་ཕྲག་ཤུལ་མ།

སྐལ་བཟང་དབང་ཕྱུག། པདྨ་དགའ་ཚལ།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *