པདྨ་དགའ་ཚལ་དང་ ངང་ལམ་བར་ནའི་གཞུང་ལམ།

པདྨ་དགའ་ཚལ་དང་ ངང་ལམ་གྱི་གཞུང་ལམ་གནས་སྟངས་ སྐྱོ་དྲགས་ཐལ་ཡོདཔ།

༉ པདྨ་དགའ་ཚལ་དང་ ངང་ལམ་གྱི་གཞུང་ལམ་ མཐུད་སྦྲེལ་འབད་དེ་ ལོ་ངོ་མང་རབས་ཅིག་ལང་རུང་ ད་ལྟོའི་བར་ན་ཡང་ རྩི་ནག་མ་གཏང་པར་ཡོད་མི་དེ་གིས་ འཁོར་ལམ་གྱི་གནས་སྟངས་དེ་ སྐྱོ་དྲགས་ཐལ་ཡོད་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མི་ཚུ་ སེམས་དང་མ་ལྡན་པར་འདུག།གཞུང་ལམ་དེ་ སྤྱི་ལོ་༢༠༡༣ དེ་ཅིག་ཁར་ བསལ་ཚར་ཡོདཔ་ད་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་༢༠ ལྷགཔ་ཅིག་ འགྲོ་འགྲུལ་འབད་དོ་ཡོད་རུང་ ད་ལྟོའི་བར་ན་ཡང་ རྩི་ནག་གཏང་མ་ཚུགས་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།འདུ་རུང་རི་ལས་ ངང་ལམ་ཚུན་ རྩི་ནག་བཏང་ཡོད་རུང་ དེ་ཁ་ལས་ པདྨ་དགའ་ཚལ་ཚུན་ རྩི་ནག་གཏང་མ་ཚུགས་པར་ལུས་ཡོདཔ་ད་ གཞུང་ལམ་དེ་གིས་ པདྨ་དགའ་ཚལ་རྫོང་ཁག་དང་ ངང་ལམ་དྲུང་ཁག་༢ མཐུད་སྦྲེལ་འབདཝ་ཨིན་པས།སྣུམ་འཁོར་ཊཱག་གི་དེད་གཡོགཔ་ སྐྱེས་ལོ་༤༠ ལང་མི་ བསོད་ནམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ པདྨ་དགའ་ཚལ་ལས་ ངང་ལམ་ལུ་ རྡོ་དཀར་སྐྱེལ་འདྲེན་འབད་དོ་ཡོདཔ་བཞིན་དུ་ འཁོར་ལམ་རྒྱ་ཆུང་བའི་ཁར་ གནས་སྟངས་ལེགས་ཤོམ་མེད་མི་ལུ་བརྟེན་ འགྲོ་འགྲུལ་འབད་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ རྒྱ་ལམ་སྦེ་ བརྩི་འཇོག་འབད་དོ་ཡོད་པའི་ཁར་ འཁོར་ལམ་བསལ་ཏེ་ ཡུན་རིང་ལང་ཡོདཔ་ལས་ རྩི་ནག་གཏང་དགོཔ་དེ་ ཁག་ཆེ་ནི་ཨིནམ་ལས་ རྫོང་ཁག་དང་ ལམ་སེལ་ལས་ཁུངས་ལ་སོགས་པ་ཚུ་ལས་ ག་ལུ་སྙན་ཞུ་འབད་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།སྒེར་སྡེའི་བཟོ་སྐྲུན་ལས་སྡེ་ཅིག་ནང་ ལཱ་འབད་མི་ སྐྱེས་ལོ་༣༥ ལང་མི་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ བདུན་ཕྲག་༡ ནང་ ཚར་༣ དང་༤ དེ་ཅིག་ བཟོ་སྐྲུན་ས་ཁོངས་ནང་ འགྱོ་དགོ་དོ་ཡོདཔ་བཞིན་དུ་ སྣུམ་འཁོར་ཆུང་ཀུ་ཚུ་ བརྡུང་དོ་ཡོདཔ་ལས་ འགྲོ་འགྲུལ་འབད་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ རྩི་ནག་མ་གཏང་པར་ དེ་སྦེ་ར་ བཀོག་བཞག་པ་ཅིན་ གཞུང་ལམ་གྱི་ གནས་སྟངས་དེ་ སོ་ནམ་ཞིང་ལམ་ཚུ་ལས་ཡང་ སྐྱོ་དྲགས་ཐལ་ནི་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་ ལམ་སེལ་ལས་ཁུངས་ལ་སོགས་པ་ཚུ་གིས་ གང་མགྱོགས་རྩི་ནག་གཏང་དགོཔ་དེ་ ཁག་ཆེ་ནི་མས་ཟེར་ཨིན་པས།མི་ཚུ་གིས་ སླབ་མིའི་ནང་ ད་རེས་ མི་མང་སྐྱེལ་འདྲེན་བཱསི་གི་ ཞབས་ཏོག་བཙུགས་ཡོདཔ་མ་ཚད་ མི་ཚུ་ཡང་ ཚོང་འབྲེལ་གྱི་དོན་ལུ་ མང་ཤོས་ར་ དེ་ཁ་ལས་ འགྲོ་འགྲུལ་འབད་དོ་ཡོད་མི་ལུ་བརྟེན་ གཞུང་ལམ་དེ་ རྩི་ནག་གཏང་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།ཁོང་གིས་འབད་བ་ཅིན་ ད་རེས་ གཞུང་ལམ་དེ་ ཧོག་ཀ་ཐོན་ཡོདཔ་བཞིན་དུ་ ཆུའི་གཡུར་བ་ཚུ་ཡང་ ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ གནམ་བྱཱར་ཆརཔ་མ་རྐྱབ་པའི་སྐབས་ ཐལ་ཐོན་མི་དེ་གིས་ ལོ་ཐོག་ཚུ་ལུ་ཡང་ གནོད་དོ་ཡོདཔ་མ་ཚད་ འཁོར་ལམ་རྩི་ནག་བཏང་ཡོད་མི་ཚུ་ཡང་ མེད་ཐལ་དེས་ཟེར་ཨིན་པས།ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ འཇིགས་མེད་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ གཞུང་ལམ་རྩི་ནག་བཏང་ནིའི་ ལཱ་འབད་དེ་ ལོ་༣ དེ་ཅིག་ ལང་ཡོདཔ་ད་ འདས་པའི་ལོ་ནང་ ཀི་ལོ་མི་ཊར་༡༢ དང་ དེ་གི་ཧེ་མ་ ཀི་ལོ་མི་ཊར་༡༢ རྩི་ནག་བཏང་ཡོདཔ་བཞིན་དུ་ ད་རུང་ ད་རེས་ཀྱི་ རྩིས་ལོ་ནང་ དངུལ་ཀྲམ་ས་ཡ་༡༥ ཡོདཔ་ལས་ ཀི་ལོ་མི་ཊར་༨ རྩི་ནག་གཏང་ནིའི་ལཱ་ཚུ་ བྱིན་ཡོདཔ་ལས་ བསྡོམས་ཀི་ལོ་མི་ཊར་༣༢ རྩི་ནག་གཏང་ཚར་འོང་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ རྩི་ནག་གཏང་ནིའི་ལཱ་ཚུ་ འབད་དོ་ཡོད་རུང་ ད་ལྟོ་ཚུན་ རྩི་ནག་གཏང་མ་ཚར་མི་དེ་ མ་དངུལ་མ་ལང་མི་ལུ་བརྟེན་ཨིན་རུང་ རྩིས་ལོ་ཤུལ་མའི་ནང་ཡང་ མ་དངུལ་དང་བསྟུན་ རྩི་ནག་གཏང་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། པདྨ་དགའ་ཚལ།

About admin

Check Also

གཞུང་གིས་ བཟོ་སྐྲུན་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ རྩ་འགེངས་དོ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ ནང་འདྲེན་འབད་ནི་ལུ་ དཀའ་ངལ་ཐོན་ཡོད་པའི་གུ་ ད་རེས་ཡང་ སྔར་ག་ཨིནམ་སྦེ་ར་ ནང་འདྲེན་འབད་མ་ཚུགས་རུང་ གཞུང་གིས་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ ཆ་རོགས་འབད་བཞིན་དུ་ཡོད་ཟེར་ཨིན་པས། དཀའ་ངལ་དེ་ཡང་ གཙོ་བོ་ར་ ནད་ཡམས་ཀོ་བིཌ་-༡༩ …

Leave a Reply

Your email address will not be published. Required fields are marked *