དགའ་ཤ་རི་སློབ་གྲྭ་ཆུང་བའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་དང་པ་བཙུགས་མི་ དགའ་ཤ་རི་གཡུས་ཚན་ལས་ སྐྱེས་ལོ་༩༥ ལང་མི་ སངས་རྒྱས་རྣམ་རྒྱལ་ ཚོགས་རྒྱན་བཙུགས་སར་ ཁྱིད་འགྱོ་བའི་བསྒང་།

པདྨ་དགའ་ཚལ་གྱིས་ འཕྲོ་མཐུད་དེ་ར་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་སྒྲིང་སྒྲི་འབད་ཡོདཔ།

༉ པདྨ་དགའ་ཚལ་དེ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་སྒྲིང་སྒྲི་འབད་མི་ཅིག་ཨིནམ་བཞིན་དུ་ ཁ་ཙ་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་སྐབས་ལུ་ཡང་ ཚོགས་རྒྱན་འབོར་ཆེ་ཏོག་ཏོ་བཙུགས་ཐོག་ལས་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་ཐོག་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་རའི་ནང་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་བཞིན་དུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༢ ཆ་རའི་ནང་ མཐོ་ཤོས་༢ པ་ ཐོབ་ཡོདཔ་ཨིན་པས།

མཁར་-གཡུ་རུང་འདེམས་ཁོངས་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༤,༠༥༤ ཐོབ་ཡོདཔ་བཞིན་དུ་ འབྲུག་ཀུན་མཉམ་ཚོགས་པ་གིས་༣༩༣ དེ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༤༨༧ དང་ མི་སེར་དམངས་གཙོའི་ཚོགས་པ་གིས་ ཚོགས་རྒྱན་༤༡༡ ཐོབ་ཡོདཔ་ཨིན་པས།

འདེམས་ཁོངས་དེ་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༢,༦༢༠ དང་ འཕྲུལ་ཆས་ཚོགས་རྒྱན་༡,༤༣༤ ཐོབ་ཡོདཔ་བཞིན་དུ་ འབྲུག་ཀུན་མཉམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༠༧ དང་ འཕྲུལ་ཆས་ཚོགས་རྒྱན་༡༨༦ ཐོབ་ཡོདཔ་ཨིན་པས།

དེ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༩༦༢ དང་ འཕྲུལ་ཆས་ཚོགས་རྒྱན་༥༢༥ ཐོབ་ཡོདཔ་མ་ཚད་ མི་སེར་དམངས་གཙོའི་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༣༨ དང་ འཕྲུལ་ཆས་ཚོགས་རྒྱན་༡༧༣ ཐོབ་ཡོདཔ་ད་ འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༩,༥༨༩ ཐོ་བཀོད་འབད་མིའི་གྲས་ལས་༦,༣༤༥ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

ན་ནོང་-ཤུ་མར་འདེམས་ཁོངས་ལས་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༤༨༢ ཐོབ་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༢༦༡ དང་ འཕྲུལ་ཆས་ཚོགས་རྒྱན་༢༢༡ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡,༥༡༣ ཐོབ་མིའི་གྲས་ལས་ འགྲེམ་ཐོག་ཚོགས་རྒྱན་༨༣༧ དང་ འཕྲུལ་ཆས་ཀྱི་ཚོགས་རྒྱན་༦༧༦ ཐོབ་ཅི།

དེ་དང་འདྲཝ་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༨༨༨ དང་ འཕྲུལ་ཆས་ཚོགས་རྒྱན་༡,༦༢༨ ཐོབ་ཡོདཔ་བཞིན་དུ་ མི་སེར་དམངས་གཙོའི་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༨༥ དང་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་༥༦༠ ཐོབ་ཡོདཔ་ད་ འདེམས་ཁོངས་དེ་ནང་ མི་༦,༣༥༦ གིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་༦༧.༢༠ དེ་ཅིག་གི་ རྩིས་ཨིན་པས།

དེ་ལས་ ངང་ལམ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༤༣༣ དང་ འཕྲུལ་ཆས་ཚོགས་རྒྱན་༡,༦༧༩ འབྲུག་ཀུན་མཉམ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༢༡ དང་ འཕྲུལ་ཆས་ཀྱི་ཚོགས་རྒྱན་༡༠༢ འབྲུག་མཉམ་རུབ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༥༥ དང་ འཕྲུལ་ཆས་ཀྱི་ཚོགས་རྒྱན་༦༩༥ དེ་ལས་ མི་སེར་དམངས་གཙོའི་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༡༩ དང་ འཕྲུལ་ཆས་ཚོགས་རྒྱན་༢༩༧ ཐོབ་ཅི།

འདེམས་ཁོངས་དེ་ནང་ མི་༥,༢༠༡ གིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་༧༣.༣༡ དེ་ཅིག་གི་ རྩིས་ཨིནམ་ད་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༧,༠༩༥ ཐོ་བཀོད་འབད་དེ་ ཡོདཔ་ཨིན་པས།

ངང་ལམ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཁ་པ་དེ་ ཁ་ཕྱེ་བའི་སྐབས་ རྟགས་མེད་མི་དང་ རྟགས་ཐེབས་བཀོད་ཡོད་མི་ དེ་ལས་ ལག་རྗེས་བཀོག་ཡོད་མི་ལ་སོགས་པ་ཚུ་ལུ་བརྟེན་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༦ དང་ འགྲེམ་ཐོག་ཚོགས་རྒྱན་༡ ཆ་མེད་བཏང་ཡི།

ངང་ལམ་འདེམས་ཁོངས་ཀྱི་ དགའ་ཤ་རི་སློབ་གྲྭ་ཆུང་བའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་དང་པ་བཙུགས་མི་ དགའ་ཤ་རི་གཡུས་ཚན་ལས་ སྐྱེས་ལོ་༩༥ ལང་མི་ སངས་རྒྱས་རྣམ་རྒྱལ་ཨིནམ་བཞིན་དུ་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ ཚོགས་པའི་ངོ་རྟགས་ཚུ་གི་སྐོར་ ག་དེམ་ཅིག་ སླབ་བྱིན་རུང་ ངོ་ཤེས་མ་ཚུགས་པའི་ དཀའ་ངལ་བྱུང་མི་བརྟེན་ ལོག་གཏང་དགོཔ་ཐོན་ཡི།

ཨིན་རུང་ ཉིན་མའི་ཆུ་ཚོད་༡༡ དང་སྐར་ཆ་༣༠ དེ་ཅིག་ཁར་ འགོ་དཔོན་ཚུ་གིས་ ཁོ་རའི་དི་བུ་ བདེ་ཆེན་རྡོ་རྗེ་དེ་ ཆ་རོགས་འབད་ནིའི་དོན་ལུ་ ཨ་རྒས་དང་གཅིག་ཁར་ འགྱོ་ཆོག་པའི་ གནང་བ་བྱིན་ནི་དེ་གིས་ ཚོགས་རྒྱན་བཙུགས་ཚུགས་མི་ལུ་བརྟེན་ དགའ་འཛུམ་དང་བཅསཔ་སྦེ་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས།

སངས་རྒྱས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཁོ་ར་མ་ཤི་བར་ ག་དེམ་ཅིག་སྡོད་འོང་ག་ མི་ཤེས་དོ་ཡོདཔ་ལས་ མ་ཤི་ཚུད་ཚོད་ ལྕོགས་གྲུབ་ཅན་གྱི་གཞུང་ བཙག་འཐུ་འབད་ཐབས་ལུ་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་དེ་ ཆུད་ཟད་མི་གཏང་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ལྟོ་ཚུན་ ཚོགས་རྒྱན་མ་བཙུགས་པར་ ཚར་༡ ཡང་ མ་སྡོད་ཟེར་ཨིན་པས།

བདེ་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ ཨ་རྒས་ཀྱིས་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ཟེར་ སླབ་ནི་དེ་གིས་ སྲིད་དོན་ཚོགས་པའི་ ངོ་རྟགས་ཚུ་གི་སྐོར་ལས་ སླབ་བྱིན་རུང་ ལོ་ན་རྒས་མི་ལུ་བརྟེན་ སེམས་ཁར་བཞག་ནི་ལུ་ གདོང་ལེན་འདུག་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ ཆ་རོགས་འབད་ནིའི་ལུ་ ཨ་རྒས་དང་གཅིག་ཁར་ འགྱོ་ཆོག་པའི་ གནང་བ་བྱིན་མི་དང་འཁྲིལ་ ཚོགས་རྒྱན་བཙུགས་ཚུགསཔ་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ སྐྱེས་ལོ་༨༩ ལང་མི་ ཤེས་རབ་སྒྲོལ་མ་དང་ མོ་གི་དི་བུམོ་དང་གཅིག་ཁར་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ མོ་གིས་འབད་བ་ཅིན་ མོ་གིས་ ཚོགས་པའི་ངོ་རྟགས་ཚུ་ ངོ་ཤེས་ཚུགས་རུང་ མིག་ཏོ་ལེགས་ཤོམ་སྦེ་ མ་མཐོང་མི་ལུ་བརྟེན་ ལྕོགས་གྲུབ་ཡོད་པའི་ སྲིད་དོན་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མ་ཚུགས་པའི་ ཚ་གྱང་ཡོད་ཟེར་ཨིན་པས།

པདྨ་དགའ་ཚལ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༦,༡༤༡ དེ་ཅིག་ ཐོ་བཀོད་འབད་མིའི་གྲས་ལས་ མི་༡༧,༩༠༢ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་༦༨.༤༨ དེ་ཅིག་གི་ རྩིས་ཨིན་པའི་གནས་ཚུལ།

ངང་ལམ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *