ཤ་ལི་མཁར་རྫོང་ནང་ ལོག་བསྐྱལ་མི་ ཅ་ཆས་ཚུ།

པདྨ་དགའ་ཚལ་གདུང་བསམ་ རྒྱ་དྲུང་པ་དང་ ཤ་ལི་མཁར་རྫོང་གི་ལོ་རྒྱུས།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

༉ པདྨ་དགའ་ཚལ་གྲྭ་ཚང་གི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ བཤད་མིའི་ནང་ མི་ཚུ་གིས་ ཤ་ལི་མཁར་རྫོང་གི་ གྱང་ཁོག་ཡོད་ས་ལས་ ལམ་འགྱོ་བའི་སྐབས་ འདྲོག་བྱེལ་འཐབ་པ་ཅིན་ བློ་སླབ་རུང་ བརྗོད་སྒྲ་མ་དགཔ་སྦེ་ འགྱོ་ནི་ཡོད་མི་དེ་ཡང་ རྫོང་དཔོན་ཀོ་ལོག་པོ་ཁོ་ར་ཡང་ བརྗོད་སྒྲ་མ་དག་པའི་ཁར་ དེ་ཁའི་གནས་བདག་སྦེ་ སྐྱེས་ཡོད་མི་ལུ་བརྟེན་ བར་ཆད་མི་འབྱུང་ནིའི་དོན་ལུ་ གསེར་སྐྱེམས་རེ་ གཏང་དགོ་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༠༡ ལུ་ མོ་རོང་རིན་པོ་ཆེ་གིས་ གནས་བདག་དེ་ དམ་བཏགས་ཅི་ཟེར་ཨིནམ་ད་ དེ་ཡང་ གནས་བདག་གིས་ པདྨ་དགའ་ཚལ་སྨན་ཁང་ནང་བསྐྱལ་མི་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཅིག་གི་ སྲོག་དང་གཅིག་ཁར་ ཕོ་སྐྱེས་གཞོནམ་ཅིག་ལུ་སྤྲུལ་ཏེ་ ཁོ་གི་རྟིང་བདའ་སྟེ་ ཤོག་ཟེར་སླབ་སར་ རིན་པོ་ཆེ་གིས་ གཉིད་ལམ་ནང་གཟིགསཔ་ལས་ གནས་བདག་གིས་ དེ་སྦེ་ སླབ་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ མཁྱེན་མི་ལུ་བརྟེན་ རྟིང་བདའ་བྱོན་ཏེ་ ཤ་ལི་མཁར་རྫོང་གི་ གྱང་ཁོག་ནང་ལྷོདཔ་ད་ དམ་བཏགས་གནང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་གི་ཤུལ་ལས་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་དེ་ཡང་ སྲོག་སྐྱབས་འབད་ཡོདཔ་མ་ཚད་ དེ་ལས་ཚུར་ མི་ག་ལུ་ཡང་ གནོད་སྐྱོན་མ་འབྱུང་ཟེར་ཨིནམ་ད་ རྫོང་དཔོན་གྱི་ ཕག་རྫིཔ་གིས་ཡང་ རྫོང་དཔོན་བཟུམ་སྦེ་ར་ བློ་སླབ་པའི་སྐབས་ བརྗོད་སྒྲ་མ་དགཔ་སྦེ་ སླབ་དོ་ཡོདཔ་སྦེ་ བཤད་སྲོལ་འདུག།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ ཤ་ལི་མཁར་རྫོང་གི་ གྱང་ཁོག་དེ་ ལེགས་ཤོམ་སྦེ་ མཐོང་ནི་ཡོད་རུང་ ཤུ་མར་རྫོང་དཔོན་དེ་ཡང་ ཤ་ལི་མཁར་རྫོང་དཔོན་གྱི་འོག་ལུ་འབདཝ་ལས་ ཤ་ལི་མཁར་རྫོང་གི་ ཟུར་རྡོ་ཚུ་ ཤུ་མར་རྫོང་བཞེངས་ནིའི་དོན་ལུ་ འབག་ཡོདཔ་མ་ཚད་ ཤིང་ཆས་ཚུ་ཡང་ པདྨ་དགའ་ཚལ་གྱི་ རྫོང་བདག་དང་པའི་ ཡིག་ཚང་རྐྱབ་ནིའི་དོན་ལུ་ འབག་ཡོདཔ་ལས་ རྫོང་གི་གྱང་ཁོག་དེ་ཡང་ མཐོང་སྲོང་མེདཔ་ གྱུར་ཡོདཔ་ཨིན་པས།
ཤ་ལི་མཁར་རྫོང་དེ་གིས་ རྒྱལ་ཁབ་ནང་ ཤར་ཕྱོགས་ཁ་ཐུག་གི་ ཕྱིའི་ཧམ་འཛུལ་འབད་མི་ཚུ་ ལྟ་ལྟོག་འབད་ནིའི་དོན་ལུ་ དགྲ་རྫོང་ངོ་མ་ཅིག་སྦེ་ གནས་ཡོད་པའི་ཁར་ བདེ་བ་ཐང་དང་ གཞོང་སྒར་གྱི་ ལམ་མཇུག་ཡང་ཨིནམ་ད་ གདུང་བསམ་ལུ་ གདུང་མཁར་ཆོས་རྗེ་ ཆུང་མཁར་ཆོས་རྗེ་ བང་མཚོ་ཆོས་རྗེ་དང་ ཤ་ལི་མཁར་ཆོས་རྗེ་ཟེར་ ཆོས་རྗེ་༤ ཡོད་མི་ལས་ ཤ་ལི་མཁར་ཆོས་རྗེ་དེ་ ཤ་ལི་མཁར་རྫོང་ལས་ བྱུང་ཡོདཔ་ཨིན་པས།
ཆུང་མཁར་དང་བང་མཚོ་ དེ་ལས་ ཤ་ལི་མཁར་ཆོས་རྗེ་ཚུ་ ལྷ་སྲས་གཙང་མའི་གདུང་བརྒྱུད་ཚུ་ཨིནམ་ད་ གདུང་མཁར་ཆོས་རྗེ་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ ཡབ་བསྟན་པའི་ཉི་མའི་གདུང་བརྒྱུད་ གདུང་དང་ དགའ་ཡ་གདུང་བརྒྱུད་ལས་བརྒྱུད་པའི་ ཆོས་རྗེ་ཨིནམ་ལས་ ཆོས་རྗེ་དེ་ གདུང་བསམ་ལུ་ དར་ཁྱབ་སོང་ཡོད་མི་ལུ་བརྟེན་ ད་རེས་ཁོང་ལུ་ མཁོ་ཆེ་ཟེར་ སླབ་ཨིན་པས།
པདྨ་དགའ་ཚལ་ལུ་ ཤ་ལི་མཁར་ཆོས་རྗེའི་ བརྒྱུད་པ་ཨིན་ཟེར་ སླབ་མི་ག་ཡང་མེདཔ་ད་ མི་རྒན་ཤོས་ལ་ལོ་ཅིག་གིས་འབད་བ་ཅིན་ ཆོས་རྗེ་དེ་གི་ བརྒྱུད་པ་ལ་ལོ་ཅིག་ ཤ་ལི་མཁར་རྫོང་ཉམས་པའི་ཤུལ་ལས་ རྒྱ་གར་གྱི་མངའ་སྡེ་ མོན་ཏ་ཝང་ལུ་ སོང་ཞིནམ་ལས་ གཞིས་ཆགས་ཡོད་པའི་ ལོ་རྒྱུས་ཚུ་ འདུག་ཟེར་ཨིན་པས།
པདྨ་དགའ་ཚལ་གྲྭ་ཚང་གི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤ་ལི་མཁར་རྫོང་དེ་ནང་ གནས་བདག་དྲག་པོ་ཡོད་མི་ལུ་བརྟེན་ དེ་ཁར་ལས་ ཅ་ཆས་ཀྱི་རིགས་ཚུ་ ག་ནི་ཡང་ འབག་མི་ཚུགས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ འབག་འགྱོ་བ་ཅིན་ གནོད་ནི་ཡོདཔ་ལས་ ཅ་ཆས་དེ་ཚུ་ ལོག་སྟེ་ར་ དེ་ནང་བསྐྱལ་དགོ་ཟེར་ཨིན་པས།
དཔུང་རྡོ་བཀོག་མི་ མ་གསང་གི་ལོ་རྒྱུས།
མང་ཤོས་ཅིག་གིས་ ཤ་ལི་མཁར་རྫོང་གཏོར་བཤིག་འབད་ནིའི་ དཔའ་བཅམ་ཡོད་རུང་ འབད་མ་ཚུགས་པའི་ཁར་ མ་གསང་གིས་ དཔུང་རྡོ་བཀོག་སྟེ་ གཏོར་བཤིག་གཏང་ནིའི་ དཔའ་བཅམ་མི་དེ་ཡང་ ཧེ་མར་ འཕྲིན་ལས་བཟང་པོ་དང་ ནོར་བུ་བཟང་པོ་ཟེར་ ཁོང་ཕོ་སྤུན་༢ ཡོད་མི་ལས་ འཕྲིན་ལས་བཟང་པོ་དེ་ སྤང་མཁར་དང་ གཞན་མི་གིས་ དགུ་ཡུམ་དང་མནྜི་གི་ བྱག་ཅིག་ནང་ སྡོད་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ ཁོང་སྤུན་ཆ་༢ ཀྱི་བར་ན་ རྒྱང་རིང་ཀི་ལོ་མི་ཊར་༢ དེ་ཅིག་གི་རྩིས་སྡོདཔ་ལས་ ཤ་ལི་མཁར་རྫོང་ མ་བཞེངས་ཚུན་ཚོད་ ཁོང་༢ ཨ་རྟག་ར་ འབྲེལ་བ་འཐབ་སྡོད་ཡོད་རུང་ རྫོང་བཞེངས་ཞིནམ་ལས་ཚུར་ ཁོང་༢ འབྲེལ་བ་འཐབ་མ་ཚུགསཔ་ལས་ ཙིགཔ་ཟ་མི་ལུ་བརྟེན་ རྫོང་གཏོར་བཤིག་གཏང་ནིའི་དོན་ལུ་ ནོར་བུ་བཟང་པོ་གིས་ གཞོང་སྒར་ལྕགས་སི་མཁར་ལས་ མ་གསང་གི་ རྒྱབ་སྐྱོར་ལེན་ཡོདཔ་ཨིན་པས།
མ་གསང་གིས་ཡང་ རྒྱབ་སྐྱོར་འབད་ནིའི་ ཁ་བཟེད་ཡོདཔ་བཞིན་དུ་ ནོར་བུ་བཟང་པོ་ལུ་ ཆུམ་ཀེ་ཇི་༨༠ གི་ལྟོ་དང་ ཕགཔ་ཧྲིལ་བུམ་ཅིག་ བཙོ་བཞག་དགོཔ་སྦེ་ སླབ་ཡོདཔ་ལས་ གཡུ་རུང་ལས་ ཨམ་སྲུ་ཅིག་འབོ་ཞིནམ་ལས་ བཞེས་སྒོ་འབད་བཅུག་ཡོད་རུང་ ཨམ་སྲུ་དེ་གིས་ མ་གསང་གིས་ དེ་ཅིག་ ཟ་མི་ཚརཝ་འོང་མནོ་སྟེ་ མོ་རའི་དོན་ལུ་ ཆུམ་བྲེ་གང་འབད་མིའི་ལྟོ་དང་ ཕགཔ་ཤ་བརླད་དོ་ཅིག་ སྦ་བཞག་ཡོདཔ་ཨིན་པས།
དེ་ལས་ མ་གསང་འོང་ཞིནམ་ལས་ ལྟོ་དེ་ཚུ་ག་ར་ ཟ་ཚར་བའི་ཤུལ་ལུ་ རྫོང་གཏོར་བཤིག་འབད་ནིའི་དོན་ལུ་ རྡོ་སྦོམ་ཅིག་འཐུ་ཞིནམ་ལས་ དཔུང་རྡོ་བཀོག་ཡོད་རུང་ རྫོང་དེ་ གཏོར་བཤིག་འབད་མ་ཚུགས་པར་ རྫོང་གི་རྩ་བར་ཆགས་ཡོདཔ་ད་ དེ་ཡང་ ཨམ་སྲུ་དེ་གིས་ ལྟོ་དང་ཕགཔ་ཤ་ སྦ་བཞག་ནི་དེ་གིས་ཨིནམ་སྦེ་ སླབ་དོ་ཡོདཔ་བཞིན་དུ་ དེ་མེན་ རྫོང་གཏོར་བཤིག་འབད་ཚུགས་ཡོདཔ་ འོང་ནི་ཨིན་པས།
ལོ་རྒྱུས་གཞན་མི་ཅིག་དང་འཁྲིལཝ་ད་ ཤ་ལི་མཁར་རྫོང་དཔོན་གྱིས་ ཁོ་གི་མངའ་འོག་ལུ་འབད་མི་ མི་ཚུ་ལས་ ཁྲལ་ལེ་ཤ་བསྡུ་དོ་ཡོདཔ་ལས་ མཁང་མ་དང་ གཡུ་རུང་ལ་སོགས་པའི་ གཡུས་ཚན་ཚུ་གི་ མི་ཚུ་གིས་འབག་སྟེ་ ཁྲལ་དེ་ཚུ་ གཞུང་ལུ་ཕུལ་ དགོ་མི་ལུ་བརྟེན་ རྫོང་དཔོན་དེ་ དེ་ཁར་ལས་ བཏོན་བཏང་ནིའི་ མནོ་བསམ་བཏང་ཡོད་རུང་ རྫོང་དཔོན་དེ་ དབང་ཚད་ཅན་འབདཝ་ལས་ དམག་རྐྱབ་མ་ཚུགས་ནི་དེ་གིས་ ལཱ་ཁག་བཏང་ཡོདཔ་ཨིན་པས།
དེ་ལས་ མི་ལ་ལོ་ཅིག་གིས་ གཞོང་སྒར་ལྕགས་སི་མཁར་ལུ་ ཡོངས་གྲགས་ཡོད་མི་ མ་གསང་གི་སྐོར་ལས་ ལོ་རྒྱུས་ཚུ་ སླབ་ཡོདཔ་ལས་ ག་ར་གིས་ ཁ་འཆམ་སྟེ་ མ་གསང་དེ་ འབོ་ཡོདཔ་ད་ མ་གསང་གིས་ མཁང་མ་ལས་ རྫོང་གི་ཁ་ཐུག་ལུ་ དཔུང་རྡོ་བཀོག་ཡོད་རུང་ རྫོང་དེ་ གཏོར་བཤིག་འབད་མ་ཚུགས་པས་ཟེར་ ཞུ་ནི་ཨིན།

བདུན་ཕྲག་ཧེ་མའི་འཕྲོ་མཐུད།

About admin

Check Also

མཚན་མ་གཅིག་ལུ་དགའ་མི་ཚུ་ལུ་ མི་སྡེ་གིས་ བརྩི་མཐོང་བསྐྱེད་དགོཔ།

༉ རྒྱལ་སྤྱི་མཚན་མ་གཅིག་དང་ མཚན་མ་གཉིས་ལུ་དགའ་མི་ དེ་ལས་ མོ་གིས་ཕོ་བཟོ་སྡོད་མི་དང་ ཕོ་གིས་མོ་བཟོ་སྡོད་མི་ཚུ་ལུ་ མ་དགའ་བའི་ ཉིནམ་དེ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཐིམ་ཕུག་ མིག་དམར་ཟ་ཁང་ནང་སྦེ་ བརྩི་སྲུང་འབད་ཡི། ལས་རིམ་དེ་ཡང་ …

Leave a Reply

Your email address will not be published. Required fields are marked *