ཤ་ལི་མཁར་རྫོང་གི་ གྱང་ཁོག་གདོང་ཁར་ཡོད་མི་ རེད་བརྡུང་ནི་གི་ རྡོའི་ལྷིའུ།

པདྨ་དགའ་ཚལ་གདུང་བསམ་ རྒྱ་དྲུང་པ་དང་ ཤ་ལི་མཁར་རྫོང་གི་ལོ་རྒྱུས།

(བདུན་ཕྲག་ཧེ་མའི་འཕྲོ་མཐུད)

༉ འཇིགས་མེད་རྣམ་རྒྱལ་མཆོག་ དམག་གི་དབུ་ཁྲིད་མཛད་དེ་ བྱོན་པའི་ལམ་ཁར་ སྨོན་ལམ་བཏབ་ནིའི་དོན་ལུ་ མཁས་རི་དགོན་པ་དང་ ཡོངས་ལ་དགོན་པ་ལུ་ བྱོན་པའི་སྐབས་ ལམ་བྱང་ཡོདཔ་ལས་ དེ་བསྒང་ བྱ་དཀརཔོ་ཅིག་འོང་སྟེ་ ལམ་སྟོན་ཕུལ་ཡོདཔ་ད་ ལམ་ངོ་མ་ལུ་ ལྷོད་པའི་ཤུལ་ལས་ ཡལ་ཡར་སོཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ དམག་རྐྱབ་པའི་སྐབས་ བི་རི་ཊིཤ་གིས་ འབྲུག་མི་ཚུ་ འགྱོ་སའི་ལམ་ཁར་ ཀྲོབ་མདའ་ཚུ་གུ་ དུག་བླུགས་ཏེ་ ཡོངས་ལ་དགོན་པའི་ཁ་ཐུག་ལུ་ དཔག་བཞག་པའི་ཤུལ་ལུ་ ལག་ལེན་པ་ཅིག་ཡང་ བཞག་ཡོད་རུང་ ནུབ་མོར་ མི་གནགཔོ་ གཟུགས་ཐུང་ཀུ་འབད་མི་ཅིག་འོང་སྟེ་ ཀྲོབ་མདའི་ཕྱོགས་དེ་ སོར་བཏང་ཡོདཔ་ཨིན་པས།
དྲོ་པར་ ཀྲོབ་མདའ་ལག་ལེན་པ་དེ་ ཤི་སར་མཐོང་པའི་སྐབས་ དགྲ་བྱང་ཕྱད་ཚུ་ རྣམ་རྟོག་ལང་ཡོདཔ་ད་ འཇིགས་མེད་རྣམ་རྒྱལ་གྱིས་ ཐག་རིང་རན་ཏོག་ཏོ་ཅིག་ལས་ ཁོང་གི་ གུང་བློན་གྱི་མགུ་ཏོ་གུ་ མདའ་ཕོག་པའི་ཤུལ་ལས་ རྒྱབ་བཤུད་རྐྱབ་ནིའི་ ཐག་བཅད་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་ལས་ ཐོན་དོ་བཟུམ་འབད་བ་ཅིན་ དགྲ་བྱང་ཕྱད་ལ་ལོ་ཅིག་ རྫ་རོང་ནང་མཆོངས་ ལ་ལོ་ཅིག་བསད་ དེ་ལས་ ལ་ལོ་ཅིག་ རྐངམ་དང་ སྒལ་ཏོ་གུ་ མདའ་ཕོག་སྟེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་རིང་ སྡོད་ཚུགས་ཡོདཔ་ད་ ལ་ལོ་ཅིག་ གནོད་སྐྱོན་ག་ནི་ཡང་ མ་འབྱུང་པར་ བྱོག་ཐལ་ཡོདཔ་ཨིན་པས།
བི་རི་ཊིཤ་གིས་ རྒྱབ་བཤུད་རྐྱབ་མི་ལུ་བརྟེན་ འབྲུག་པའི་དམག་དཔུང་ཚུ་ དམག་རྐྱབ་པའི་སྐབས་ འཕྲོག་བཅོམ་འབད་མི་ སྟོབས་ཚུ་འབག་སྟེ་ ལོག་དབང་འདུས་ཆོས་གླིང་ལུ་ འོང་ཡོདཔ་ད་ ཤ་ལི་མཁར་རྫོང་བརྒལ་ཏེ་ སྐྱེངས་མཁར་གྱི་འོག་ལུ་ བུ་རམ་ཤིང་གི་རྩ་བར་ ངལ་འཚོ་ཞིནམ་ལས་ འགྱོ་བའི་སྐབས་ སྟོབས་ཚུ་ གནམ་མེད་ས་མེད་ ལྗིད་ཅན་ལུ་གྱུར་ཏེ་ འབག་མ་ཚུགསཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ དགྲ་བྱང་ཕྱད་ཚུ་གིས་ འབྲུག་པའི་དམག་དཔུང་ཚུ་གི་ རྟིང་བདའ་སོང་ཡོདཔ་ད་ ཁོང་ཆ་ཁྱབ་ལུ་ ག་ཅི་འབད་ཡོདཔ་ཨིན་ན་ ཤེས་རྟོགས་མེད་རུང་ སྟོབས་དེ་ཚུ་ རྒྱ་གར་གྱི་མི་༣ དང་༤ དེ་ཅིག་གིས་ འབག་པའི་སྐབས་ ཡང་འཕྲོས་འཕྲོས་སྦེ་ འབག་ཚུགས་ཡོདཔ་ཨིན་པས།
རྒྱ་གར་གྱི་ མི་ཚུ་གིས་ སྟོབས་ཚུ་འབག་སྟེ་ ཤ་ལི་མཁར་བརྒལ་ཞིནམ་ལས་ སྤོ་ཏོ་ཅིག་གུ་ ངལ་འཚོ་བའི་སྐབས་ རྫོང་དཔོན་ཀོ་ལོག་པོ་གིས་ སྟོབས་དེ་ཚུ་ འབྲུག་མི་ཚུ་ལས་ ལོག་འཕྱོག་ཡོདཔ་ཤེས་ཏེ་ དེ་འཕྲོ་ལས་ ཁོ་གིས་ བཞུགས་ཁང་ནང་ལས་ མེ་མདའ་རྐྱབ་ཡོད་རུང་ ཕོག་མ་ཚུགས་པར་ ཁོང་གི་ འགོ་དཔོན་ཅིག་ ངལ་འཚོ་སྡོད་སའི་ རྡོ་གུ་ཕོག་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རབ་སྡེའི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྡོ་གུ་ཕོག་མི་ མེ་མདའི་རྨེན་འབྲས་དེ་ ད་ལྟོ་ཡང་ མཐོང་གསལ་ཡོད་ཟེར་ཨིནམ་ད་ མེ་མདའ་རྐྱབ་མི་ལུ་བརྟེན་ རྒྱ་གར་གྱི་མི་ཚུ་ ཙིགཔ་ཟ་སྟེ་ ཤ་ལི་མཁར་རྫོང་བསྐོར་ར་རྐྱབ་ཞིནམ་ལས་ རྫོང་དཔོན་གྱི་དམག་ ཕམ་བཏང་ནི་དེ་གིས་ རྫོང་གཏོར་བཤིག་འབད་ཡོདཔ་ཨིན་པས།
བརྗོད་སྒྲ་ལེགས་ཤོམ་སྦེ་ སླབ་མ་ཤེས་པའི་ལོ་རྒྱུས།
ཤ་ལི་མཁར་རྫོང་དཔོན་ ཀོ་ལོག་པོ་གིས་ བློའོ་སླབ་པའི་སྐབས་ བརྗོད་སྒྲ་ལེགས་ཤོམ་མེད་ནི་དེ་གིས་ སྒྲ་ཏོག་ཏོ་སྦེ་ སླབ་མི་ཚུགས་དོ་ཡོདཔ་ད་ ཁོ་ར་ ཤ་ལི་མཁར་རྫོང་དཔོན་ མ་འབད་བའི་ཧེ་མར་ གཞོང་སྒར་རྫོང་དཔོན་སྦེ་ སྡོད་པའི་སྐབས་ ཕྱག་ཞུ་མི་ཚུ་ལུ་ བུམོ་ཅིག་འཚོལ་འབག་ཤོག་ཟེར་ སླབ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ ཕྱག་ཞུ་མི་ཚུ་ ཕྱི་ཁར་ བུམོ་འཚོལ་བར་ སོང་ཞིནམ་ལས་ བུམོ་འཇའ་རིསམོ་མེད་མི་ཅིག་ ཁྱིད་འོང་སྟེ་ བུམོ་ཁྱིད་འོང་ཡི་ ཨིན་རུང་ བུམོ་འཇའ་རིསམོ་ཅིག་ མ་ཐོབ་ཟེར་ཞུཝ་ད་ འཇའ་རིསམོ་མེད་པ་ཅིན་ གོ་ལ་ཅིག་གིས་ གདོང་སྤུབས་ཞིནམ་ལས་ ནང་ན་འཁྱིད་ཤོག་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ རྫོང་དཔོན་ཀོ་ལོག་པོ་གིས་ བུམོ་དེ་དང་གཅིག་ཁར་ ལུས་འབྲེལ་འབད་བའི་སྐབས་ ཕྱག་ཞུ་མི་ཚུ་ཡང་ བལྟ་བཅུག་ཡོད་པའི་ལོ་རྒྱུས་འདུག།
མཇུག་ལུ་ རྫོང་དཔོན་གྱིས་ ཚངས་ལའི་སྐད་ནང་སྦེ་ ཐུབ་ཐའི་ཐུབ་ཐའི་ཟེར་ སླབ་ཡོདཔ་ད་ རྫོང་ཁའི་ནང་འབད་བ་ཅིན་ བཀོག་བཞག་བཀོག་ཟེར་ཨིནམ་ད་ མ་གཞི་ ཁོ་གིས་ ཐུབ་ཐའི་ཐུབ་ཐའི་ཟེར་ སླབ་ནི་ཨིན་རུང་ བརྗོད་སྒྲ་མ་དག་མི་ལུ་བརྟེན་ ཤ་ལི་མཁར་རྫོང་དཔོན་སྦེ་ སྡོད་པའི་སྐབས་ མི་ཚུ་གིས་ ཊཱལ་ཊོ་ལེ་ཟེར་ བརྗོད་སྒྲ་མ་དག་པ་ཟེར་ སླབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ རིམ་གྲོ་ཅིག་ འབད་བའི་སྐབས་ ཤུ་མར་སྒོམ་ཆུ་ལས་ཨིན་མི་ དཔའ་མོའི་ནང་ ཀོ་ལོག་པོ་གི་ རྣམ་ཤེས་འཛུལ་ཏེ་ ཤ་ལི་མཁར་རྫོང་གི་ གྱང་ཁོག་ནང་ གནསཔ་སྦེ་སྐྱེས་ཡོདཔ་ད་ ཁོ་གི་གཟུགས་དེ་ ག་ནི་བ་སྦོམ་པའི་ཁར་ རིངམོ་སྦེ་ཡོདཔ་ལས་ ལམ་འགྱོ་མ་ཚུགས་མི་ལུ་བརྟེན་ ཡུདཔ་ཐེངས་གཅིག་གི་དོན་ལུ་ཡང་ ཉིམ་བསྲོ་བར་ འཐོན་མ་ཚུགས་པའི་སྐོར་ལས་ དྲུང་ཆེན་པདྨ་རྒྱལ་པོ་གིས་ བཤདཔ་མས་ཟེར་ ཞུ་ནི་ཨིན།

འཕྲོ་མཐུད་བདུན་ཕྲག་ཤུལ་མར།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

གནས་ཚུལ་མདོར་བསྡུས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་དང་འབྲེལ་ བཀྲིས་སྒང་བཀང་ལུང་གི་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ནང་སྦེ་ བདེ་ཆེན་རབ་རྒྱལ་གྱིས་ ན་གཞོན་དང་འབྲེལ་བའི་ འབྲེལ་འཛིན་ཟེར་ དཔེ་དེབ་ཅིག་ བྲིས་མི་དེ་ གསར་བཏོན་འབད་བའི་བསྒང་།

Leave a Reply

Your email address will not be published. Required fields are marked *