འཁང་མ་ལས་ མ་གསང་གིས་བཀོག་མི་ དཔུང་རྡོ།

པདྨ་དགའ་ཚལ་གདུང་བསམ་ རྒྱ་དྲུང་དང་ ཤ་ལི་མཁར་རྫོང་གི་ལོ་རྒྱུས།

སྤྱི་ཟླ་༡༡ པའི་ཚེས་༢༥ འི་ འཕྲོ་མཐུད།

༉ པདྨ་དགའ་ཚལ་ཤ་ལི་མཁར་རྫོང་དེ་ ག་གིས་ བཞེངས་ཡོདཔ་ཨིན་ན་ ཏན་ཏན་མེད་རུང་ རྫོང་བཞེངས་པའི་སྐབས་ མཁས་རི་དགོན་པའི་ ཉེ་འདབས་ལུ་ཡོད་མི་ ཤུ་མར་ཐུང་ལས་ཨིན་མི་ བཟོ་བོ་ངན་བསྟན་པ་དེ་ རྡོ་བཟོ་བོ་ངོ་མ་ཨིནམ་ད་ བཟོ་བོ་དེ་ མགྱོགས་དྲགས་ཡོད་པའི་ཁར་ གཟུགས་ཡང་ ཡང་ཏོག་ཏོ་ཡོདཔ་ལས་ ཁོ་གི་ བཟོ་བཀོད་རིག་པའི་ བརྡ་མཚོན་བཟུམ་སྦེ་ གཞན་དང་མ་འདྲ་བའི་ མཆོད་རྟེན་ཅིག་ ཤུ་མར་ཐུང་ལུ་ བཞེངས་ཡོདཔ་ཨིན་པས།
དེ་གིས་ ད་ལྟོ་ཡང་ བཟོ་བོའི་རིག་རྩལ་ཚུ་ སེམས་ཁར་དྲན་དོ་ཡོདཔ་ད་ དེ་བཟུམ་སྦེ་ ཚེ་གླིང་སྒོར་ཉེ་འདབས་ཀྱི་ ནགས་ཚལ་ཅིག་ནང་ གདུག་རྩུབ་ཅན་གྱི་ དུས་ཚོད་སྐབས་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ མཆོད་རྟེན་ཅིག་ བཞེངས་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ ཉམས་སྐྱོན་ག་ནི་ཡང་མེད་པར་ ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ ཤ་ལི་མཁར་གྱི་ རྫོང་དཔོན་མཇུག་ ཀོ་ལོག་པོ་གིས་ཡང་ ཤ་ལི་མཁར་གྱི་རྫོང་གི་ སྲུང་སྐྱོབ་འབད་ཡོདཔ་ཨིན་ན་ཟེར་ དྲི་བ་ཡོད་མི་དེ་ཡང་ ཀོ་ལོག་པོ་དེ་ གཞན་དང་མ་འདྲ་བའི་ རིག་རྩལ་མཁས་པ་ཅིག་ཨིན་རུང་ ཤུལ་ལས་ རྫོང་དེ་ མི་དང་ རང་བཞིན་༢ ཆ་ར་གིས་ ཧམ་འཛུལ་འབད་དེ་ བརླག་གཏོར་འབད་ཡོདཔ་ཨིན་པས།
ཤ་ལི་མཁར་རྫོང་ གཏོར་བཤིག་འབད་བའི་ལོ་རྒྱུས་འདུག།
དཔལ་མཐོང་ལེགས་ཀྱིས་ ཁོ་རའི་ཁྱིམ་ ཤ་ལི་ལུ་ སྤོ་བཤུད་འབད་མིའི་ གནད་དོན་༡ པོ་དེ་ མི་ངན་ཚུ་གི་ ཧམ་འཛུལ་ལྟ་རྟོག་འབད་ནིའི་དོན་ལུ་ དགྲ་རྫོང་ཅིག་ དགོ་མི་ལུ་བརྟེན་ འོང་ནི་ཨིནམ་ད་ དེ་འབད་ནི་འདི་གིས་ ཤ་ལི་མཁར་རྫོང་དེ་ ལུང་གཤོང་ག་ཏེ་ཡང་ མཐོང་ཚུགས་པའི་ གངས་རི་ཅིག་གུ་ བཞེངས་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རབ་སྡེའི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཤ་ལི་མཁར་རྫོང་ བཅོམ་ནིའི་དོན་ལུ་ ཚར་ལེ་ཤ་ དཔའ་བཅམ་ནུག་ཟེར་ཨིནམ་ད་ ཚར་གཅིག་འབདཝ་ད་ རྒྱ་གར་མོན་ཏ་ཝང་ལས་ བོདཔ་ཚུ་ བཀྲིས་སྒང་བརྒྱུད་དེ་ གདུང་བསམ་པདྨ་དགའ་ཚལ་ལུ་ འོང་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ ལོག་འགྱོ་བའི་ལམ་ཁར་ རྫོང་བཅོམ་ནིའི་ མནོ་བསམ་བཏང་ཞིནམ་ལས་ ཤ་ལི་མཁར་རྫོང་གི་གདོང་ཕྱོགས་དང་ ཆུང་མཁར་གྱི་ སྦོ་ལོགས་ཁར་ སྤང་མཁར་ལས་ ལོག་འོང་སྟེ་ ཡར་བལྟ་བའི་སྐབས་ རྫོང་དེ་ གནམ་ཁར་དཔྱངས་བཞག་བཞགཔ་བཟུམ་སྦེ་ མཐོང་ཡོདཔ་ལས་ ཁོང་གིས་ ཤ་ལི་མཁར་པའི་རྫོང་ ས་རྫོང་མ་རེད་ གནམ་རྫོང་རེད་ཟེར་ ཤ་ལི་མཁར་གྱི་རྫོང་དེ་ ས་ཁར་མེན་པར་ གནམ་མཁར་བཞེངས་ནུག་ཟེར་སླབ་སྟེ་ ལོག་སོང་ཡོདཔ་ཨིན་པས།

ཤ་ལི་མཁར་རྫོང་དཔོན་གྱི་ ཆིབས་རྟའི་རྐང་རྗེས།

ཁོ་གིས་འབད་བ་ཅིན་ ད་རུང་ འཁང་མ་ལས་ མ་གསང་གིས་ དཔུང་རྡོ་ཟེར་ རྡོ་སྦོམ་ཅིག་བཀོག་སྟེ་ རྫོང་དེ་ གཏོར་བཤིག་འབད་ནིའི་ དཔའ་བཅམ་ཡོད་རུང་ རྡོ་དེ་ རྫོང་ལས་མི་ཊར་དག་པ་ཅིག་གི་ས་ཁར་ ཆགས་ཡོདཔ་ད་ བི་རི་ཏིཤ་གི་མངའ་འོག་ལུ་ སྡོད་པའི་སྐབས་ རྒྱ་གར་ཀ་ཅ་རི་དང་ ཨ་སམ་གྱི་མི་ དེ་ལས་ བངྒ་ལི་ཚུ་གིས་ ཚར་ལེ་ཤ་བཅོམ་ནིའི་དཔའ་བཅམ་ཡོདཔ་ལས་ རྫོང་དེ་ དུས་རྒྱུན་དུ་ ག་ཅི་སྦེ་ ཉེན་ཁའི་ནང་ སྡོད་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ་ཨིན་པས།
དེ་བསྒང ཡོངས་ལ་དགོན་པའི་བླམ་གིས་ ཕྱག་འགན་སྦོམ་བསྣམས་ཡོད་རུང་ བླམ་དང་ རྫོང་དཔོན་༢ ཀྱི་ མཛའ་བཤེས་མཐུན་ལམ་དེ་ ཧང་ཏོང་མར་ མ་འགྲིགཔ་བྱུང་ཡོདཔ་ད་ རྫོང་དཔོན་གྱིས་ བླམ་ལུ་ ཁོ་གི་མཚན་མེན་པར་ སྐྱོན་མིང་སྦེ་ ཕུ་ཆ་ཟེར་ སླབ་ཡོདཔ་ལས་ བླམ་ངོ་མ་ཡོད་རུང་ ཁོ་གི་མཚན་མེན་པར་ སྐྱོན་མིང་སྦེ་ ཞུ་མི་ལུ་བརྟེན་ མི་ཚུ་གིས་ཡང་ བླམ་ཕུ་ཆ་ཟེར་མ་གཏོགས་ བླམ་རྡོ་རྗེ་རྒྱལ་མཚན་ཟེར་ ངོ་མི་ཤེས་དོ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ བླམ་རྡོ་རྗེ་རྒྱལ་མཚན་ ཁོ་གི་ སྐྱོན་མིང་སྦེ་ འབོ་མི་དེ་ལུ་ དམའ་ཕབ་རྐྱབ་དོ་ཡོད་པའི་ ཚོར་སྣང་བྱུང་སྟེ་ ཐུགས་ཕམ་བྱུང་མི་ལུ་བརྟེན་ ཤ་ལི་མཁར་རྫོང་དཔོན་ ཀོ་ལོག་པོ་ལུ་ཕན་པའི་ ཚིག་ལེགས་ཤོམ་རྩ་ལས་ར་ སླབ་མ་བཏུབ་སྦེ་ ལོ་རྒྱུས་ཚུ་ནང་ ཐོནམ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ དགྲ་བྱང་ཕྱད་ཚུ་གིས་ བླམ་དང་ རྫོང་དཔོན་༢ མ་འགྲིག་མིའི་ ཁེ་ཕན་ལེན་ཏེ་ རྒྱ་གར་གྱི་ དམག་དཔུང་ལུ་ ཤ་ལི་མཁར་པ་ཚུ་གིས་ དགྲ་ལན་འཇལ་མ་ཚུགསཔ་ལས་ རྒྱུ་དངོས་ཚུ་ གཏོར་བཤིག་འབད་དེ་ ཆོས་ཚུ་ བྱིན་རླབས་མེདཔ་ བཟོ་ཡོད་མི་ལུ་བརྟེན་ སྐུ་འདྲ་ཚུ་གི་དབུ་བཏོགས་ཏེ་ ཐབ་རྡོ་དང་ ཆོས་འབུམ་ལ་སོགས་པ་ཚུ་གདན་ དེ་ལས་ རིན་ཐང་ཅན་གྱི་ རྒྱུ་དངོས་མང་རབས་ཅིག་ འབག་ཡོདཔ་ཨིན་པས།
རྫོང་དཔོན་གྱི་ ཕྱག་ཞུ་མི་ ལ་ལོ་ཅིག་ བསད་ཡོདཔ་དང་ ཁོ་གི་ གནས་ཚང་དང་ མོ་གི་ གཡོག་མོ་༢ སྒོ་སྒྲིག་ནང་ལས་ཐོན་ཏེ་ ཤར་ཟེར་ མོན་ཏ་ཝང་ཁ་ཐུག་ བྱོག་སོང་ཡོདཔ་ད་ རྫོང་དཔོན་ཀོ་ལོག་པོ་ཁོ་ར་ རྫོང་ཐོག་ཚད་༣ པ་ལས་མཆོང་སྟེ་ རང་སྲོག་བཅད་ཡོདཔ་ཨིན་པས།
རྫོང་དེ་ རྫོང་དཔོན་ཀོ་ལོག་པོ་གི་སྐབས་ གཏོར་བཤིག་འབད་ཡོདཔ་ད་ ཤ་ལི་མཁར་པ་ཚུ་ལུ་ མ་འགྲིགཔ་དང་ རྒྱུད་བསྐུལ་འབད་མི་ ག་ཡང་མེད་རུང་ དགྲ་བྱང་ཕྱད་ཚུ་གིས་ རྫོང་གཏོར་བཤིག་འབད་མིའི་ གནད་དོན་གི་སྐོར་ལས་ ཤེས་རྟོགས་མེད་རུང་ རྒྱ་གར་གྱིས་ བཅོམ་ཡོད་མི་དེ་ རྫོང་དཔོན་ལུ་ རྒྱུ་དངོས་ཚད་ལས་ ཡོད་མི་ལུ་བརྟེན་ འོང་སྲིད་ནི་ཨིན་པས།
དགྲ་བྱང་ཕྱད་ཚུ་གིས་ རྫོང་དེ་ གཏོར་བཤིག་བཏང་པའི་ཤུལ་ལས་ རྒྱུ་དངོས་ཚུ་ག་ར་ འཕྲོག་བཅོམ་འབད་ཡོདཔ་མ་ཚད་ འབྲུ་སྣ་གངས་རི་བཟུམ་སྦེ་ སྤུངས་ཡོད་མི་ཚུ་ཡང་ག་ར་ རྫོང་དང་གཅིག་ཁར་ མེ་བཏང་ཡོདཔ་ད་ འུ་གླིང་གི་ པད་གླིང་གིས་ རྒྱ་གར་གྱི་ ངོ་རྒོལ་གྱི་སྐོར་ལས་ ཤ་ལི་མཁར་རྫོང་དཔོན་ལུ་ ཉེན་བརྡ་འབད་ཡོད་རུང་ བརྡ་དོན་དེ་ ཡོངས་ལ་དགོན་པའི་བླམ་གིས་ རྫོང་དཔོན་ལུ་ མ་སྤྲོདཔ་འོང་ནི་ཨིན་པས།
ལོ་རྒྱུས་གཞན་མི་དང་འཁྲིལཝ་ད་ ཤ་ལི་མཁར་རྫོང་ གཏོར་བཤིག་འབད་བའི་ ལོ་རྒྱུས་ཧ་ལམ་ ཆ་འདྲ་སུ་སྦེ་ཡོད་རུང་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ འབྲུག་དང་ རྒྱ་གར་༢ གྱི་ དམག་རྐྱབ་པའི་སྐབས་ བྱུང་ཡོདཔ་ད་ འབྲུག་པའི་དམག་གི་ དབུ་ཁྲིད་དེ་ ཀྲོང་གསར་དཔོན་སློབ་ འཇིགས་མེད་རྣམ་རྒྱལ་མཆོག་གིས་ མཛད་གནང་ཡོདཔ་ ཨིན་མས་ཟེར་ ཞུ་ནི་ཨིན།

སམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *