ལྷ་ཁང་གི་ ནང་རྟེན་གཙོ་བོ་ རྡོ་རང་བྱོན་གྱི་སྤྱ།

ནོར་བུ་སྒང་ལྷ་ཁང་ནང་ཡོད་མི་ རྡོ་རང་བྱོན་གྱི་ སྤྱའི་ལོ་རྒྱུས།

༉ པདྨ་དགའ་ཚལ་ ངང་ལམ་དྲུང་ཁག་ལས་ སྣུམ་འཁོར་ནང་ དུས་ཡུན་སྐར་མ་༣༠ ལྷགཔ་ཅིག་ འགྲོ་འགྲུལ་འབད་བའི་ཤུལ་ལས་ ག་ནི་བ་ ཉམས་དགའ་བའི་ སྤོ་ཏོ་ཅིག་གུ་ ནོར་བུ་སྒང་གི་ ལྷ་ཁང་དེ་ ཆགས་ཡོདཔ་བཞིན་དུ་ དེ་ཁར་ལྷོདཔ་ད་ སེམས་ཁར་གཞན་དང་མ་འདྲ་བའི་ དགའ་བ་བྱུངམ་ཨིན་པས།
ནོར་བུ་སྒང་གི་ ལྷ་ཁང་དེ་ གསར་བཞེངས་འབད་དེ་ ལོ་ལེ་ཤ་མ་ལང་རུང་ ད་རེས་ནངས་པར་ རྒེད་འོག་གི་མི་ཚུ་གིས་ ལྷ་ཁང་རྩ་ཅན་དང་ བྱིན་བརླབས་ཅན་ཅིག་སྦེ་ བརྩི་འཇོག་འབད་དོ་ཡོད་མི་དེ་ ལྷ་ཁང་གི་ནང་རྟེན་གཙོ་བོ་ རྡོ་རང་བྱོན་གྱི་ སྤྱ་ཅིག་ཡོད་མི་ལུ་བརྟེན་ཨིན་པས།
རྡོ་རང་བྱོན་གྱི་སྤྱ་དེ་ རྒེད་འོག་གི་ མི་སེར་ལ་ལོ་ཅིག་གིས་ ལུང་བསྟན་དང་འཁྲིལ་ ནོར་བུ་སྒང་ལུ་ འཕུར་བྱོན་མི་ ཧིན་དྷུའི་ལྷ་ ཧ་ནུ་མཱན་དང་ ལ་ལོ་ཅིག་གིས་ སྤྲིའུ་བྱང་ཆུབ་སེམས་དཔའ་ཨིནམ་སྦེ་ སླབ་དོ་ཡོདཔ་ཨིན་པས།
གསང་སྔགས་ཆོས་འཁོར་མདོ་སྔགས་བསྟན་པའི་གླིང་ བཤད་གྲྭའི་སློབ་དཔོན་ ཚུལ་ཁྲིམས་འོད་སྲུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྡོ་རང་བྱོན་གྱི་སྤྱ་དེ་ ནོར་བུ་སྒང་ལྷ་ཁང་ནང་ ཧེ་མ་ལས་ཡོད་རུང་ དེ་གི་སྐོར་ལས་ ལོ་རྒྱུས་ཚུ་ ག་དེ་སྦེ་ཨིན་ན་ ཁ་གསལ་ཅིག་སྦེ་ ག་གིས་ཡང་ ཤེས་རྟོགས་འབྱུང་མ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མདོ་སྔགས་བསྟན་པའི་ཆོས་གླིང་བཤད་གྲྭ་གིས་ཡང་ རྡོ་རང་བྱོན་གྱི་སྤྱ་དེ་ ས་གནས་ག་ཏེ་ལས་དང་ གནམ་ལོ་ག་དེམ་ཅིག་ཁར་ ག་དེ་སྦེ་ ནོར་བུ་སྒང་ལུ་ ལྷོད་ཡོདཔ་ཨིན་ནའི་ ཞིབ་དཔྱད་འབད་ནིའི་ དཔའ་བཅམ་ཡོད་རུང་ ལོ་རྒྱུས་ཁ་གསལ་དང་ ཁུངས་དོན་ཅིག་ ག་ནི་ཡང་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༡ དང་༢༠༠༢ དེ་ཅིག་ཁར་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ ནོར་བུ་སྒང་ལུ་ ཞབས་ཀྱིས་བཅགས་གནང་པའི་སྐབས་ ཤིང་འབྲས་ཚལ་ལུ་ཕུད་རྡོག་༤ དེ་ཅིག་བསྣམས་ཏེ་ ལྷ་ཁང་ནང་བྱོནམ་ད་ ལྷ་ཁང་ནང་ཡོད་མི་ རྡོ་རང་བྱོན་གྱི་སྤྱ་དེ་ གཟིགས་ནུག་ཟེར་ ཚུལ་ཁྲིམས་འོད་སྲུང་གིས་ བཤདཔ་ཨིན་པས།
ཚུལ་ཁྲིམས་འོད་སྲུང་གིས་ སླབ་མིའི་ནང་ སྤྱ་དེ་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ ཞལ་མཇལཝ་ཅིག་ གནམ་མེད་ས་མེད་སྐད་རྐྱབ་ཡོདཔ་བཞིན་དུ་ དེ་ཁར་བྱོན་ཞིནམ་ལས་ རྡོ་རང་བྱོན་གྱི་སྤྱ་དེ་ ཧིན་དྷུའི་ལྷ་ ཧ་ནུ་མཱན་གྱི་ ནུས་པ་སྦོམ་འདུག་ རྩ་ཅན་ཅིག་ཨིནམ་སྦེ་ གསུངས་ཡི་ཟེར་ཨིན་པས།
རྒེད་འོག་གི་ མི་ཚུ་གིས་ བཤད་སྲོལ་ཅིག་ལས་འབད་བ་ཅིན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ ནོར་བུ་སྒང་ལུ་ བྱོན་པའི་སྐབས་ ལྷ་ཁང་དེ་ནང་ལས་ སྐད་རྐྱབ་ཞིནམ་ལས་ དེ་ཁར་བྱོན་དགོ་པའི་ཞུ་བ་འབད་དེ་ མཆོངས་འོང་དོ་བཟུམ་སྦེ་ ཐུགས་ཁར་ཤརཝ་ལས་ ལྷ་ཁང་ནང་བྱོན་ཏེ་ སྤྱ་དེ་གཟིགས་ནུག་ཟེར་ཨིན་པས།
མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱ་དེ་ ཧ་ནུ་མཱན་གྱི་ ནུས་པ་དང་ དབྱེ་བ་ག་ནི་ཡང་མེད་པར་ཡོདཔ་ལས་ བྱིན་བརླབས་ཅན་དང་ རྩ་ཅན་ཅིག་ཨིནམ་སྦེ་ གསུངས་མི་ལས་ཚུར་ ནོར་བུ་སྒང་རྒེད་འོག་ནང་ སྤྱ་དེ་གི་སྐོར་ལས་ ཡོངས་གྲགས་སོང་ཡི་ཟེར་ཨིནམ་ད་ ད་རེས་ མི་ཚུ་གིས་ ཤར་ཕྱོགས་པའི་ཁ་སྐད་ནང་ ལུང་ག་ཟ་ལ་ཟེར་ སླབ་དོ་ཡོདཔ་བཞིན་དུ་ རྫོང་ཁའི་ནང་ རྡོའི་སྤྱ་ཟེར་བའི་ དོན་ཨིན་པས།
ཚུལ་ཁྲིམས་འོད་སྲུང་གིས་ སླབ་མིའི་ནང་ ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒེད་འོག་ནང་ ཞབས་ཀྱིས་བཅགས་གནང་པའི་སྐབས་ ལྷ་ཁང་ནང་བྱོན་ཏེ་ སྤྱ་དེ་ རྒེད་འོག་ནང་ལྷོད་དེ་ མི་ལོ་༣༠༠ ལྷགཔ་ཅིག་ ལང་ཡོདཔ་སྦེ་ གསུངས་ཡོདཔ་བཞིན་དུ་ གཙང་སྦྲའི་ཐོག་ལས་ བཞག་དགོཔ་སྦེ་ གསུངས་དེས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལཔོ་ཡབ་སྲས་༢ རྒེད་འོག་ནང་ མ་བྱོན་པའི་ཧེ་མར་ རྡོ་རང་བྱོན་གྱི་ སྤྱའི་ལོ་རྒྱུས་ཚུ་ ག་ལུ་ཡང་ ཤེས་རྟོགས་མེདཔ་ལས་ ཕོ་བྲང་ཟེར་ ག་ནི་ཡང་མེད་པར་ ཐལཝ་ཁོག་ཁོ་སྦེ་ བཞག་ཡོདཔ་ལས་ ཕོ་བྲང་ཅིག་ བཞེངས་དགོ་པའི་ བཀའ་གནང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷ་ཁང་དེ་ནང་ སྐུ་མཆོད་འབུམ་སྡེའི་རིགས་ ག་ཅི་ར་ འགོ་འདྲེན་འཐབ་དོ་ཟེར་ གསུངས་པའི་སྐབས་ སྨྱུང་གནས་ཅིག་ འགོ་འདྲེན་འཐབ་དོ་ཟེར་ཞུཝ་ལས་ སྨྱུང་གནས་ཀྱི་ མ་དངུལ་ཚུ་ཡང་ མི་དབང་མངའ་ཞབས་མཆོག་གིས་ གནང་ཡོདཔ་མ་ཚད་ སྤྱ་བཞག་སའི་ ཕོ་བྲང་ཅིག་ཡང་ གནང་ཡི་ཟེར་ཨིན་པས།
མི་རྒན་ཤོས་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྡོ་རང་བྱོན་གྱི་སྤྱ་དེ་ འཕུར་བྱོན་ཏེ་ རྒྱ་གར་ཨ་སམ་གྱི་ས་གནས་ གུ་ཧ་ཊི་གི་ ཀརྨ་ཀེ་ཟེར་ རྡོ་རྗེ་ཕག་མོའི་གནས་དེ་ཁར་ བཞུགས་ཡོད་རུང་ ལོ་དག་པ་ཅིག་གི་ཤུལ་ལས་ ལུང་བསྟན་མེདཔ་ལས་ དེ་ཁར་ལས་ གོ་ཧའི་ཀོ་མཱལ་ཟེར་སར་ འཕུར་བྱོན་ནུག་ཟེར་ཨིན་པས།
ད་རུང་ དེ་ཁར་ཡང་ ལུང་བསྟན་མེདཔ་ལས་ འཕུར་བྱོན་ཏེ་ ནོར་བུ་སྒང་ལུ་ལྷོདཔ་ད་ ལུང་བསྟན་ལེགས་ཤོམ་གཟིགསཔ་ལས་ རྡོ་ལུ་བྱིན་གྱིས་བརླབས་ཏེ་ གཏེར་སྦས་ཡོདཔ་སྦེ་ བཤད་དོ་ཡོདཔ་ད་ ཧེ་མ་ ལྷ་ཁང་དེ་ནང་ བླམ་བསོད་ནམས་བཟང་པོ་གིས་ བཞེངས་གནང་མི་ སྐུ་འདྲའི་རིགས་ཚུ་ཡོད་རུང་ ཤུལ་ལས་ཉམས་སོ་ནུག་ཟེར་ཨིན་པས།
ཚུལ་ཁྲིམས་འོད་སྲུང་གིས་ སླབ་མིའི་ནང་ ཧེ་མ་ རྒེད་འོག་དེ་ནང་ ས་རུད་དང་ ཆུ་རུད་ལ་སོགས་པའི་ རྐྱེན་ངན་ཚུ་ འབྱུང་ནི་ཡོདཔ་མ་ཚད་ བླམ་སྤྲུལ་སྐུ་ལ་སོགས་པ་ཚུ་ཡང་ བྱོན་ནི་མེདཔ་ལས་ ཆོས་ཟེར་མི་དེ་ཡང་ མེད་མི་ལུ་བརྟེན་ མཐའ་འཁོབ་ཀྱི་གཡུས་ཚན་ཅིག་སྦེ་ སྡོད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྡོ་རང་བྱོན་གྱི་སྤྱ་དེ་ གཙང་བྲའི་ཐོག་ལས་ ཕོ་བྲང་ནང་ བཞག་པའི་ཤུལ་ལུ་ རྒེད་འོག་དེ་ནང་ ས་རུད་དང་ ཆུ་རུད་ལ་སོགས་པའི་ རང་བཞིན་གྱི་ རྐྱེན་ངན་ཚུ་ཡང་ མ་བྱུངམ་མ་ཚད་ བླམ་སྤྲུལ་སྐུ་ཚུ་ཡང་བྱོན་ཏེ་ དམ་པའི་ལྷ་ཆོས་ དར་ཁྱབ་སོང་ཡོདཔ་ད་ ཧེ་མ་རྒེད་འོག་ནང་ རྐྱེན་ངན་ལ་སོགས་པ་ཚུ་བྱུང་མི་དེ་ སྤྱ་དེ་ ལེགས་ཤོམ་སྦེ་ གཙང་སྦྲ་དང་ལྡནམ་སྦེ་ མ་བཞག་མི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་བའི་ དོགས་པ་ཆགསཔ་མས་ཟེར་ཨིན་པས།
ད་རེས་ ནོར་བུ་སྒང་ལྷ་ཁང་ནང་ ཧེ་མ་ལས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ པད་གླིང་བླ་མ་ནོར་རྒྱ་མཚོ་ཉིནམ་༣ དང་ བྱམས་མགོན་སྨྱུང་གནས་ཟེར་མི་དེ་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ ན་ཧིང་ལས་ ལོ་བསྟར་གྱི་ པད་གླིང་ཚེས་བཅུ་ཉིནམ་༣ ཡང་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ནོར་བུ་སྒང་ཟེར་ མིང་བཏགས་མི་དེ་ ངག་རྒྱུན་ལས་འབད་བ་ཅིན་ ཧེ་མ་ དཔོན་རིགས་ཀྱི་ ཨམ་སྲུ་ཅིག་ཨིན་མི་ དབང་སྲིང་ཨ་མ་ཟེར་མི་དེ་ རྒེད་འོག་དེ་ནང་བྱོནམ་ད་ གླངམོ་ཆེའི་མཆེཝ་༢ བཙུགས་ཡོད་མིའི་ ས་དོང་༢ ལས་ ཆུ་ཐོན་ཡོད་སར་ གཟིགས་མི་ལུ་བརྟེན་ ནོར་བུ་གངས་རི་ཟེར་ བཏགས་ཡོད་རུང་ ཤུལ་ལས་ བརྗོད་སྒྲ་ཉམས་ཏེ་ ནོར་བུ་སྒང་ཟེར་ ཡོངས་གྲགས་སོང་ནུག་ཟེར་ ཚུལ་ཁྲིམས་འོད་སྲུང་གིས་ བཤདཔ་མས་ཟེར་ ཞུ་ནི་ཨིན།

སྐལ་བཟང་དབང་ཕྱུག། ངང་ལམ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *