གཅན་གཟན་སྟག་གིས་ མི་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་དོ་ཡོད་མི་ རྡོ་གཞོང་དགོན་པའི་གཡུས་ཚན།

ནུབ་སྦིས་རྒེད་འོག་ནང་ གཅན་གཟན་སྟག་གི་གནོད་བཀལ་ མ་ཆད་པར་བྱུང་དོ་ཡོདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་གི་ རྡོ་གཞོང་དགོན་པ་སྤྱི་འོག་གི་ ཁྱིམ་ཚུ་ག་ར་ ནགས་ཚལ་ནང་ལས་ཕར་ ཁ་གཏོར་ཏེ་ཡོདཔ་ལས་ གཅན་གཟན་སྟག་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་ཨིན་པས།

རྒེད་འོག་དེ་ནང་ མི་༡ གཅན་གཟན་སྟག་གིས་ བསད་པའི་ཤུལ་ལས་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་སྐོར་ལས་ གནས་ཚུལ་ཚུ་ལེ་ཤ་ཐོན་ཡོདཔ་ད་ འདས་པའི་ལོ་ངོ་དག་པ་ཅིག་ནང་ གསར་ཤོག་དང་ རྒྱང་མཐོང་ཚུ་ནང་ལས་ཕར་ གནས་ཚུལ་ག་ནི་ཡང་ མ་འཐོན་ཏེ་འབད་རུང་ དཀའ་ངལ་དེ་ མེདཔ་རྩ་ལས་མེན་པས།

ས་ཆ་གྱེན་ཅིག་ནང་ ཆགས་ཏེ་ཡོད་མི་ རྡོ་གཞོང་དགོན་པའི་གཡུས་ཚན་དེ་ ཀྲོང་གསར་དང་ བུམ་ཐང་བར་ནའི་ གཞུང་ལམ་ལས་ལྟ་བའི་སྐབས་ ས་ཆ་སྐྱིད་ཏོང་ཏོ་ཅིག་སྦེ་ མཐོངམ་ཨིན་རུང་ གཡུས་ཚན་དེ་ནང་ སྡོད་མི་ཚུ་གིས་འབད་བ་ཅིན་ གཅན་གཟན་སྟག་དང་གཅིག་ཁར་ ནམ་འཕྱད་འོང་ག་ རྩ་ལས་སླབ་མི་ཚུགས་ནི་ཨིན་པས།

དེ་ཡང་ སེམས་ཅན་སྟག་ཚུ་གིས་ ཉིན་ནུབ་མེད་པར་ གཡུས་ཁའི་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་དེ་ ད་རེས་ནངས་པར་ཡང་ ཐོན་བཞིན་དུ་ཡོདཔ་ཨིན་རུང་ གནས་ཚུལ་དེ་ ཕྱི་ཁར་ལས་ཕར་ མ་གོཝ་རྐྱངམ་གཅིག་ཨིན་པས།

ཚོགས་པ་ རྩ་རྒས་ཚེ་དབང་གིས་ སླབ་མིའི་ནང་ ཉིནམ་དག་པ་ཅིག་གི་ཧེ་མར་ཡང་ ཁོ་གི་ ནོར་དག་པ་ཅིག་ སྟག་གིས་བསད་དེ་ ཟ་ཚར་ནུག་ཟེར་ཨིན་པས།

འདས་པའི་ཟླཝ་ནང་ སིམ་ཕུག་དགོན་པ་དང་ བཀའ་བབ་དར་བབ་ལུ་ཡང་ ནོར་༢ བསད་དེ་ ཟ་ཡོད་མི་དེ་ དུས་རྒྱུན་གྱི་ དཀའ་ངལ་ཅིག་ལུ་ གྱུར་ཡོདཔ་ལས་ ག་ལུ་ཡང་ སླབ་ནི་མེད་ཟེར་ ཚོགས་པ་གིས་ སླབ་ནི་འདུག།

ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཞུང་ལས་ རྒུད་འཐུས་དུམ་གྲ་རེ་ འཐོབ་ནི་ཡོདཔ་ལས་ དེ་ཐོབ་ཐབས་ལུ་ མི་ཚུ་གིས་ སེམས་ཅན་བསདཔ་ཅིག་ སྙན་ཞུ་འབད་ནི་དེ་གིས་ གནོདཔ་བཀལ་བའི་སྐོར་ལས་ དར་ཁྱབ་སོང་ཡོད་རུང་ ད་རེས་ རྒུད་འཐུས་འཐོབ་ནི་མེདཔ་ལས་ མི་ཚུ་གིས་ སྙན་ཞུ་ཡང་ འབད་ནི་མིན་འདུག་ཟེར་ཨིན་པས།

ཨིན་རུང་ ཁོ་གིས་འབད་བ་ཅིན་ ཧེ་མ་དང་ཕྱདཔ་ད་ གནོད་བཀལ་བའི་གནས་ཚད་དེ་ མར་བབས་སོང་སྟེ་ཡོད་ཟེར་ཨིན་རུང་ ཧེ་མ་ མི་༡ བསད་པའི་ཤུལ་ལས་ ད་ཚུན་ མི་ལུ་གནོད་བཀལ་བའི་ ལོ་རྒྱུས་མེདཔ་ཨིན་པས།

ཚོགས་པ་གིས་ སླབ་མིའི་ནང་ མི་ལུ་གནོད་པ་བཀལ་བའི་ཤུལ་ལས་ ད་རེས་ མི་ཚུ་གིས་ དྲོ་པ་དང་ཕྱི་རུ་ ཕྱི་ཁར་དེ་ཅིག་ འཐོན་ནི་མེད་པའི་ཁར་ ཚལ་མ་ནང་འགྱོ་རུང་ རང་རྐྱང་སྦེ་ འགྱོ་ནི་མེད་ཟེར་ཨིན་པས།

ཚོགས་པ་གིས་ཡང་ རྒེད་འོག་གི་ གཡུས་སྒོ་ག་ར་ ཚལ་མ་ནང་ལས་ཕར་ཨིནམ་ལས་ སྟག་ཚུ་གིས་ གནོདཔ་བཀལ་ནི་དེ་ ཉི་མ་ཡང་ འབྱུང་ནི་འདུག་ཟེར་ཨིནམ་ད་ གཡུས་ཁར་ ནོར་ཚུ་རྩྭ་ཁར་ ཚལ་མ་ནང་ གཏང་དགོ་ནི་དེ་གིས་ཨིན་པས།

དཀའ་ངལ་དེ་ ནོར་ཚུ་རང་སྡོད་སའི་ ཁྱིམ་གྱི་སྦོ་ལོགས་ཁར་ར་ ཐགཔ་བཏགས་ཏེ་ འཚོ་བ་ཅིན་རྐྱངམ་གཅིག་ དཀའ་ངལ་དེ་ སེལ་ཚུགས་ནི་ཨིན་རུང་ མི་ཚུ་ལུ་ རྩྭ་འབྲོག་མེད་པའི་ གདོང་ལེན་ཡོདཔ་ཨིན་པས།

གཞུང་གིས་ རྩྭ་འབྲོག་གླ་ཁར་གཏང་ནིའི་ འཆར་གཞི་ཡོད་མི་དེ་ མགྱོགས་པར་ཆ་འཇོག་འབད་བ་ཅིན་ དཀའ་ངལ་དེ་ལུ་ དུམ་གྲ་ཅིག་ ཕན་ཐོགས་འོང་ནི་མས་ཟེར་ཨིན་པས།

བཀྲིས་སྤོག་ཏོ་གི་ སོ་ནམ་པ་ཅིག་གིས་ བཤད་མིའི་ནང་ གཡུས་ཚན་དེ་ནང་ རི་དྭགས་སེམས་ཅན་ གཞན་ཚུ་ཡང་ ཐོན་དོ་ཡོད་རུང་ མི་ལུ་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་བཀལ་མི་དེ་ གཅན་གཟན་སྟག་དང་ དོམ་ཚུ་ཨིནམ་ལས་ ནགས་ཚལ་ནང་ལས་ཕར་ ག་ལྷོད་འགྱོ་ནི་མེད་ཟེར་ཨིན་པས།

ནུབ་སྦིས་རྒཔོ་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ སྟག་གིས་ གནོདཔ་བཀལ་བའི་དཀའ་ངལ་དེ་ རེ་གཉིས་མ་ཆད་པར་ ཐོན་བཞིན་དུ་ཡོད་ཟེར་ཨིནམ་ད་ དེ་གི་ནང་ལས་ཡང་ ས་ཁ་མཐོ་ས་ལས་ཕར་ ནོར་འཚོ་སྡོད་མི་ཚུ་ལུ་ ཐོན་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *