གཞུང་ལམ་རྒྱ་སྐྱེད་ལུ་བརྟེན་ མེདཔ་བཏང་མི་ ཆུ་དུང་ཚུ།

ནར་ཕུང་གཡུས་ཚན་ནང་ འཐུང་ཆུའི་ དཀའ་ངལ་བྱུང་སྟེ་ ལོ་༣ ལང་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ ནར་ཕུང་གཡུས་ཚན་གྱི་ ཆུ་མཛོད་དང་ ཆུ་དུང་ཚུ་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་གིས་ མེདཔ་བཏང་ཡོདཔ་ལས་ ད་རེས་ གཡུས་ཚན་ནང་ འཐུང་ཆུ་མེད་པའི་ དཀའ་ངལ་ཐོན་ཏེ་ ལོ་༣ དེ་ཅིག་ ལང་ཡོདཔ་ཨིན་པས།
ད་རེས་ གཡུས་མི་ཚུ་ ལས་འགུལ་ཌཱན་ཊག་གིས་ བཀྲམ་སྤེལ་འབད་མི་ ཆུ་དང་ཆར་ཆུ་ལུ་ བརྟེན་སྡོད་དོ་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ གཡུས་ཚན་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ ས་ཁར་ཡོད་མི་ ཆུ་རྫིང་ནང་ལས་ ཆུ་དབོགས་འབག་དོ་ཡོདཔ་ལས་ ཁྱིམ་གུང་པ་༢༠ ལྷགཔ་ཅིག་ལུ་ གནོད་སྐྱོན་བྱུང་སྟེ་ ཡོདཔ་ཨིན་པས།
སྐྱེས་ལོ་༦༣ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཐུང་ཆུའི་དཀའ་ངལ་དེ་ ཧེ་མ་ལས་ དུམ་གྲ་རེ་ འཐོན་ནི་ཡོད་རུང་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་གིས་ ཆུའི་རྐ་གུ་ཡོད་མི་ ཆུ་མཛོད་དང་ གཞུང་ལམ་བདའ་སྟེ་ཡོད་མི་ ཆུ་དུང་ཚུ་ མེདཔ་བཏང་ཡོདཔ་ལས་ ཆུའི་ཀ་ལི་ནང་ ཆུ་མེད་པར་ ལོ་༣ དེ་ཅིག་ ལང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཌཱན་ཊག་གི་ འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལས་ ཁོང་གིས་ ཉིན་བསྟར་བཞིན་དུ་ ཆུ་བཀྲམ་སྤེལ་འབད་ནིའི་ ཁས་ལེན་འབད་ཟེར་ཨིནམ་ད་ ཁོང་གིས་ བཀྲམ་སྤེལ་འབད་མི་ ཆུ་དེ་གིས་ མི་ལང་དོ་ཡོད་པའི་ཁར་ ཉིན་བསྟར་བཞིན་དུ་ འཐོབ་ནི་མེདཔ་ལས་ འཕྲལ་འཕྲལ་ར་ འགོ་དཔོན་ཚུ་ལུ་ སླབ་དགོཔ་ཐོནམ་མས་ཟེར་ཨིན་པས།
སྐྱེས་ལོ་༧༣ ལང་མི་ རིག་འཛིན་དབང་འདུས་ཀྱིས་ སླབ་མིའི་ནང་ ཌཱན་ཊག་གིས་ ཨ་རྟག་ར་ ཆུ་བཀྲམ་སྤེལ་འབད་ནི་མེདཔ་ལས་ གཡུས་ཚན་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ ས་ཁར་ཡོད་མི་ ཡོངས་མིན་རི་ལས་ ཆུ་ལི་ཊར་༡,༠༠༠ ལུ་ དངུལ་ཀྲམ་༥༠༠ རེ་སྤྲོད་དེ་ སྐྱེལ་འདྲེན་འབད་དགོ་པའི་ གདོང་ལེན་ཚུ་ བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ཆུ་སྐྱེལ་འདྲེན་འབད་མིའི་ གླ་སྤྲོད་ཚུགས་དོ་ཡོད་རུང་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ སྣུམ་འཁོར་མ་འཐོབ་པའི་ དཀའ་ངལ་ཚུ་ བྱུང་ཡོདཔ་བཞིན་དུ་ མི་ལ་ལོ་ཅིག་གིས་ གླ་སྤྲོད་མ་ཚུགས་པའི་ གདོང་ལེན་ཚུ་ཡང་ བྱུང་ཡི་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ སྐྱེས་ལོ་༥༣ ལང་མི་ སྨོན་ལམ་བཟང་མོ་གིས་ སླབ་མིའི་ནང་ ཌཱན་ཊག་གིས་ བཀྲམ་སྤེལ་འབད་མི་ ཆུ་གིས་ ལང་མི་ཚུགས་དོ་ཡོདཔ་ལས་ གཡུས་ཚན་གྱི་ མཇུག་ལུ་ཡོད་མི་ ཆུ་རྫིང་དེ་ལས་ ཉིནམ་༡ ནང་ ཚར་༣ དེ་ཅིག་ དབོགས་འབག་འོང་དོ་ཡོདཔ་ད་ གྱེན་འཛེགས་དགོཔ་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྱིམ་ནང་ ཆུ་མེད་པའི་བསྒང་ལས་ ཁྱིམ་ནང་གི་ལཱ་ ག་ནི་ཡང་ འབད་མ་ཚུགས་པའི་ཁར་ འཕྲལ་འཕྲལ་གོ་ལ་ཚུ་ ཟླཝ་ལས་བཅད་དེ་ ཆུ་འཁྱུ་མི་ཚུགས་དོ་ཡོདཔ་ལས་ གཙང་སྦྲ་འཕྲོད་བསྟེན་ཡང་ བསྟེན་མ་ཚུགསཔ་མ་ཚད་ ད་རེས་ ཆུ་བཀྲམ་སྤེལ་མ་འབད་བར་ བདུན་ཕྲག་༣ དེ་ཅིག་ ལང་མི་ལུ་བརྟེན་ ཌཱན་ཊག་གིས་ ཉིན་བསྟར་བཞིན་དུ་ ཆུ་བཀྲམ་སྤེལ་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
གཡུས་མི་གཞན་ཚུ་གིས་ སླབ་མིའི་ནང་ ཧེ་མ་ ཚོད་བསྲེ་འཛུགས་སྐྱོང་འབད་ཐོག་ལས་ འོང་འབབ་དུམ་གྲ་རེ་ བཟོ་ནི་ཡོད་རུང་ ཆུ་མེད་པའི་དཀའ་ངལ་ལུ་བརྟེན་ བཤོལ་བཞག་དགོཔ་བྱུང་ཡི་ཟེར་ཨིནམ་ད་ ཌཱན་ཊག་ལུ་ ཆུ་མཛོད་དང་ ཆུ་དུང་ཚུ་ ཉམས་བཅོས་འབད་དགོ་པའི་ ཡི་གུ་བཙུགས་ཏེ་ཡོད་རུང་ ད་ལྟོ་ཚུན་ ལན་གསལ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
ལས་འགུལ་ཌཱན་ཊག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཧེ་མ་ ཆུ་སྐྱེལ་འདྲེན་འབད་མི་ ཊེང་ཀར་༢ སྡོདཔ་ལས་ མི་སེར་ཚུ་གིས་ མཁོ་འདོད་བཀོད་མི་འཁྲིལ་ ཉིན་བསྟར་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ ད་རེས་ ཊེང་ཀར་༡ ལས་མེད་མི་ལུ་བརྟེན་ ཨ་རྟག་ར་ བཀྲམ་སྤེལ་འབད་མི་ཚུགས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལས་ ཆུ་མཛོད་དང་ ཆུ་དུང་ཚུ་ ཉམས་བཅོས་འབད་ནི་ལ་སོགས་པ་ཚུ་ནང་ རྒྱབ་སྐྱོར་འབད་ནི་ཨིནམ་ད་ ཆུ་དེ་ མོ་རོང་ལས་ སྐྱེལ་འདྲེན་འབད་དགོ་པའི་ཁར་ ལས་མི་༢༠༠ དེ་ཅིག་ ཡོད་མི་ཚུ་ལུ་ཡང་ བཀྲམ་སྤེལ་འབད་དགོཔ་ལས་ ཉིན་བསྟར་བཞིན་དུ་ བཀྲམ་སྤེལ་འབད་ནི་ལུ་ གདོང་ལེན་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ནར་ཕུང་།

About admin

Check Also

ཀོ་བིཌ་-༡༩ གི་གདོང་ལེན་ལུ་ མཉམ་འབྲེལ་དགོ་པའི་ཞུ་བསྐུལ།

གསར་སྤང་ལུ་ ཕྱི་མི་ནང་འཛུལ་གྱི་ སྡོང་ཟླ་འབད་མི་༢ ལུ་བཙོན་ཁྲིམས་བཀལ་ནུག། ༉ གཞུང་དང་གསོ་བ་ལྷན་ཁག་གིས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ནང་འདྲེན་འབད་ནི་དང་ ཁྱབ་སྤེལ་གྱི་ གནོད་ཉེན་མར་ཕབ་འབད་ཐབས་ལུ་ སྔོན་འགོག་གི་ ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ཡོདཔ་མ་ཚད་ མི་མང་ལུ་ …

Leave a Reply

Your email address will not be published. Required fields are marked *