དུས་སྟོན་བརྩི་སྲུང་ཞུ་སའི་ཟ་ཁང་ ཕེ་ཡར་མཱོནཊ་ དཱ་ ནོར་ཕོག་ཧོ་ཊཱལ་གྱི་ ས་ཁོངས་ནང་ མི་དབང་ཞིང་གཤེགས་མཆོག་གི་ རྗེས་དྲན་དོན་ལུ་ ཤིང་ཅིག་བཙུགས་གནང་ནུག།

ནའེ་རོ་བི་ལུ་ མི་དབང་ཞིང་གཤེགས་འབྲུག་རྒྱལ་གསུམ་པ་མཆོག་ལུ་ རྗེས་དྲན་གུས་བཏུད་ཞུ་ཡོདཔ།

༉ ཁ་ཙ་ ཀེ་ནི་ཡའི་རྒྱལ་ས་ ནའེ་རོ་བི་ལུ་ མི་དབང་ཞིང་གཤེགས་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ལུ་ རྗེས་དྲན་ཞུ་ནིའི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྗེས་དྲན་གུས་བཏུད་ནང་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ རྒྱལ་སྲས་ཁམས་གསུམ་སེངྒེ་དབང་ཕྱུག་ རྒྱལ་སྲསམོ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་ ཏོང་གའི་རྒྱལ་སྲསམོ་ཊུའི་ཊ་ དེ་ལས་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་དང་ འཛམ་གླིང་སྤྱི་ཚོགས་མི་འབོར་མ་དངུལ་ ཡུ་ཨེན་ཨེཕ་པི་ཨེ་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་གྱིས་གཙོས་པའི་ ཕྱི་འབྲེལ་དོན་གཅོདཔ་ཚུ་གིས་ གྲལ་གཏོགས་གནང་ནུག།
འབྲུག་རྒྱལ་ཁབ་ནང་ དེང་སང་གོང་འཕེལ་གཞི་བཙུགས་གནང་མི་ ཡབ་རྗེ་དམ་པ་སྦེ་ཞུ་མི་ མི་དབང་འབྲུལ་རྒྱལ་གསུམ་པ་མཆོག་ སྤྱི་ལོ་༡༩༧༢ ཟླ་༧ པའི་ཚེས་༢༡ ལུ་ ནའེ་རོ་བི་ལུ་ གཤགས་ཡོདཔ་ཨིན་པས།
མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གི་ ཆབ་སྲིད་སྐབས་ འབྲུག་རྒྱལ་ཁབ་ཀྱིས་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་ འབྲེལ་བ་འཐབ་ནི་ འགོ་བཙུགས་གནང་ཐོག་ལས་ རང་རྐྱང་སྦེ་གནས་མི་ལས་ ཕྱིར་ཐོན་ཡོདཔ་ཨིན་པས།
མི་དབང་ཞིང་གཤེགས་དམ་པ་མཆོག་གིས་ ལུང་ཕྱོགས་དང་ དེ་ལས་བརྒལ་ཏེ་ འཛམ་གླིང་རྒྱལ་ཁབ་ཚུ་དང་ ཟུང་ཕྱོགས་མཐུན་འབྲེལ་འགོ་བཙུགས་གནང་པའི་ཤུལ་ལས་ སྤྱི་ལོ་༡༩༧༡ ལུ་ འབྲུག་འདི་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ མི་སྡེ་དཔལ་འབྱོར་དང་ སྲིད་དོན་ ཁྲིམས་སྡེའི་ནང་ འགྲན་ཟླ་དང་བྲལ་བའི་ ལེགས་བསྒྱུར་གནང་པའི་ཁར་ དེང་སང་གི་ སྐྱེལ་འདྲེན་དང་ བརྒྱུད་འབྲེལ་གྱི་ མཐུན་རྐྱེན་ཚུ་ འགོ་བཙུགས་གནངམ་དང་འབྲེལ་ དེང་སང་ཤེས་ཡོན་དང་ གསོ་བའི་ལམ་ལུགས་ཚུ་ནང་ གོང་འཕེལ་རྒྱ་ཆེ་དྲགས་སྦེ་གནང་ནུག།

མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ རྒྱལ་སྲསམོ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་རྣམ་༢ ཀྱིས་ གུས་བཏུད་ཞུ་བའི་བསྒང་།

ད་རུང་ མི་དབང་ཞིང་གཤེགས་མཆོག་གིས་ སྤྱི་ལོ་༡༩༥༣ ལུ་ རྒྱལ་ཡོངས་ཚོགས་འདུ་དང་ གྲོས་ཐག་བཅད་ནི་དང་ ཁྲིམས་བཟོའི་དབང་ཚད་ཚུ་ མི་སེར་ལུ་ ཕྱིར་སྤེལ་ཐོག་ལས་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་བཙུགས་གནང་ཡོདཔ་ད་ མི་དབང་མཆོག་གི་ ཆབ་སྲིད་མངའ་ཐང་སྐབས་ ལོ་ལྔའི་མི་སྡེ་གོང་འཕེལ་གྱི་ འཆར་གཞི་ལས་རིམ་དང་པ་ འགོ་བཙུགས་གནང་ཡོདཔ་ཨིན་པས།
རྗེས་དྲན་གུས་བཏུད་ཞུ་ནིའི་དོན་ལུ་ མི་དབང་རྒྱལ་ཡུམ་མཆོག་གིས་ དུས་སྟོན་བརྩི་སྲུང་ཞུ་སའི་ཟ་ཁང་ ཕེ་ཡར་མཱོནཊ་ དཱ་ ནོར་ཕོག་ཧོ་ཊཱལ་གྱི་ ས་ཁོངས་ནང་ མི་དབང་མཆོག་གི་ རྗེས་དྲན་སྦེ་ ཤིང་ཅིག་བཙུགས་གནང་ནུག།
མི་དབང་རྒྱལ་ཡུམ་མཆོག་གིས་ འབྲུག་པའི་འཐུས་མི་སྡེ་ཚན་ཅིག་ དབུ་ཁྲིད་ཐོག་ ནའེ་རོ་བི་དབུ་ཁྲིད་ཞལ་འཛོམས་ནང་ བཅའ་མར་གཏོགས་པར་ བྱོན་གནང་ཡོདཔ་ད་ དབུ་ཁྲིད་ཞལ་འཛོམས་དེ་ སྤྱི་ལོ་༡༩༩༤ ལུ་ ཀའི་རོ་ལུ་ མི་འབོར་གོང་འཕེལ་གྱི་ རྒྱལ་སྤྱི་ཞལ་འཛོམས་འཚོགས་ཏེ་ མི་ལོ་༢༥ འཁོར་བའི་ དུས་སྟོན་དང་འཁྲིལ་ འགོ་འདྲེན་འཐབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྡེ་གསརཔ་༡༧ ལུ་ ཐོ་བཀོད་གྲུབ་པའི་ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *