ནད་རིགས་ཚུ་གི་ སྔོན་འགོག་ལུ་ ཁ་རས་ལག་ལེན།

༉ འཛམ་གླིང་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼ཀོ་བིཌ་-༡༩༽ ཁྱབ་སྤེལ་སོང་ཞིནམ་ལས་ཚུར་ གསོ་བའི་ཚན་རིག་མཁས་མཆོག་ཚུ་གི་ བསླབ་བཀོད་དང་འཁྲིལ་ མི་ཚུ་གིས་ ཁ་རས་ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་ཡང་ ཀོ་བིཌ་-༡༩ ཐོབ་མི་ འགོ་དང་པ་ བདའ་ཟུན་པའི་ཤུལ་ལུ་ ཁ་རས་ཀྱི་ ལོ་རྒྱུས་ཐོན་ཡི།
གསོ་བའི་ཁ་ཐུག་ལས་ མི་མང་ལུ་ ཁ་རས་ལག་ལེན་འཐབ་དགོ་པའི་སྐོར་ འཕྲལ་འཕྲལ་ར་ གསལ་བསྒྲགས་འབདཝ་ཨིན་རུང་ མི་མང་གི་ ས་ཁོངས་དང་ ཁྲོམ་ཁ་ལས་ཕར་ ལག་ལེན་འཐབ་སར་ མི་མཐོངམ་མས།
ལ་ལོ་གིས་ ཁ་རས་ཚུ་ ནད་ཡམས་ཀོ་བིཌ་-༡༩ སྔོན་འགོག་འབད་ནིའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་དགོཔ་ཨིན་ན་ཟེར་ དྲི་བ་ཡང་ བཀོདཔ་ཨིན་མས།
མ་གཞི་ ནད་ཡམས་ཀོ་བིཌ་-༡༩ དེ་ འབུ་ནད་ཨིནམ་ལས་ མི་གཅིག་གིས་གཅིག་ལུ་ སྤེལ་ནི་གི་ ཉེན་ཁ་སྦོམ་ཡོད་རུང་ ཁ་རས་ལག་ལེན་འཐབ་པ་ཅིན་ ནད་འབུབ་སྤེལ་ནི་གི་ གནོད་ཉེན་ཆུང་སུ་བཟོཝ་ཨིན་མས།
དེ་འབདཝ་ལས་ གསོ་བ་ལྷན་ཁག་གིས་ མི་མང་གི་ས་གོ་ དཔེར་ན་ སྨན་ཁང་དང་ ཚོད་བསྲེ་ཁྲོམ་ དེ་ལས་ མི་མང་སྐྱེལ་འདྲེན་བཱསི་དང་ གླ་འཁོར་ཚུ་ནང་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ ངེས་པར་དུ་ ཁ་རས་ལག་ལེན་འཐབ་དགོཔ་བཟོ་མི་དེ་ མི་སྡེའི་ནང་འཁོད་ལུ་ ནད་ཡམས་ཀོ་བིཌ་-༡༩ འབུ་ནི་ལས་ བཀག་ཐབས་ལུ་ཨིན་མས།
དེ་འབདཝ་ད་ ང་བཅས་རའི་མི་ཚུ་ ཁ་རས་ལག་ལེན་འཐབ་ནི་ལུ་ གོམས་སྦྱང་མ་ཚུདཔ་ལས་ ལྟ་རྟོག་འབད་མི་ཚུ་ལུ་ གདོང་ལེན་སྦོམ་ བྱུང་སྟེ་ཡོད་རུང་ ས་གོ་དེ་ཚུ་ནང་ ཁ་རས་མ་སྤུབ་པར་ འོང་པ་ཅིན་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་གིས་ ནང་ན་གཏང་ནི་མེདཔ་ བཟོ་མི་དེ་ཡང་ ཐབས་ཤེས་ལེགས་ཤོམ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ཀོ་བིཌ་༡༩ དེ་ མི་སྡེ་ནང་ ནམ་འཐོན་འོང་ག་དང་ ག་ཏེ་ལས་འཐོན་འོང་ག་ ག་དེ་སྦེ་འཐོན་འོང་ག་ ག་གིས་ཡང་ སླབ་མ་ཚུགས་ནི་དེ་གིས་ ཁ་རས་ལག་ལེན་འཐབ་པ་ཅིན་ དྲག་ཞན་གཉིས་ཆ་ར་ ནད་འབུབ་ལས་ སྔོན་འགོག་འབད་ཚུགསཔ་ཨིན་མས།
ང་བཅས་ཀྱིས་ ཁ་རས་ལག་ལེན་འཐབ་ནི་ལུ་ སྟབས་མ་བདེཝ་དང་ ཡང་ཅིན་ ཟད་འགྲོ་ཐེབས་གཏང་དགོ་མི་ལུ་ ཚ་གྱང་ལང་ནི་མེན་པར་ ནད་ཡམས་ལུ་ འཚེར་སྣང་བསྐྱེད་དགོཔ་བཞིན་དུ་ གལ་སྲིད་ ནད་ཡམས་ཐོབ་པ་ཅིན་ མི་སྡེ་ལུ་ རྣམ་རྟོག་ཟ་ནི་རྐྱངམ་གཅིག་མེན་པར་ རང་གི་ཕམ་སྤུན་ཆ་དང་ ལྟ་ལྟོ་ཚང་ཚུ་གིས་ཡང་ རྒྱབ་བཤུད་རྐྱབ་ནིའི་ཉེན་ཁ་སྦོམ་ཡོད།
ཁ་རས་ལག་ལེན་འཐབ་པ་ཅིན་ ཁ་དང་ལྷ་པ་ལེགས་ཤོམ་སྦེ་ སྤུབ་དགོཔ་བཞིན་དུ་ ཚར་གཅིག་སྤུབས་ཞིནམ་ལས་ ཁ་རས་གུ་ ལགཔ་འདོགས་ནི་ལས་ འཛེམ་དགོ་པའི་ཁར་ གོང་ཚད་མཐོ་དྲགས་འབད་མི་ ཁ་རས་ཚུ་ ལག་ལེན་འཐབ་པའི་ཤུལ་ལས་ ཆུ་ཤོག་ནང་བཙུགས་ཏེ་ ཁྱིམ་ནང་ལྷོདཔ་ད་ ཆུ་འཁྱུ་སྟེ་ ལོག་ལག་ལེན་འཐབ་པ་ཅིན་ ཟད་འགྲོ་ལུ་ ཁེ་ཕན་འོང་ནི་ཨིན་མས།
ཁ་རས་ལག་ལེན་འཐབ་པ་ཅིན་ ནད་ཡམས་ཀོ་བིཌ་-༡༩ རྐྱངམ་གཅིག་མེན་པར་ འབུ་ནད་ཚུ་གི་གྲས་ལས་ དཔེར་ན་ ཚ་རིམས་དང་་ བད་ཀན་གྱི་ནད་ལ་སོགས་པ་ཚུ་ མི་གཞན་ལས་ འཐོབ་ནི་ལུ་ཡང་ སྔོན་འགོག་འབད་ཚུགས།
རྒྱུ་མཚན་དེ་ལུ་བརྟེན་ གསོ་བའི་ཁ་ཐུག་ལས་ བསླབ་བཀོད་བྱིན་མི་དང་འཁྲིལ་ ང་བཅས་ཀྱིས་ སྨན་ཁང་དང་ ཚོད་བསྲེ་ཁྲོམ་ནང་རྐྱངམ་གཅིག་གིས་མ་དོ་བར་ ཁྲོམ་དང་ ལྷ་ཁང་ དགོན་སྡེ་ མཆོད་རྟེན་ དེ་ལས་ སྤུངས་འཛོམས་ཚུ་ནང་ ཁ་རས་ལག་ལེན་འཐབ་ནིའི་ གོམས་སྦྱང་ཚུད་དགོཔ་དེ་ ག་ནི་བ་གལ་ཆེ།

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *