མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱི་ འཐུས་མི་གིས་ བློན་ཆེན་ལུ་ ཞལ་འདེབས་མ་དངུལ་ཕུལ་བའི་བསྒང་།

ནད་ཡམས་COVID-19 གི་ གདོང་ལེན་ལུ་ མ་དངུལ་གྱི་ཞལ་འདེབས།

༉ འབྲུག་གཞུང་གི་ ཁ་ཐུག་ལས་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་དང་ གདོང་ལེན་འབད་ནིའི་ བརྩོན་ཤུགས་བསྐྱེད་མི་ལུ་ རྒྱབ་སྐྱོར་འབད་མི་ གཙུག་སྡེ་དང་ གཞི་ཚོགས་ ངོ་རྐྱང་ལེ་ཤ་ཐོནམ་ཨིན་པས།
དེ་བཟུམ་སྦེ་ ནད་ཡམས་འཇོམས་ཐབས་ལུ་ བླ་སྤྲུལ་དང་ ཆོས་སྡེ་ཚུ་གིས་ཡང་ སྐུ་རིམ་སྒྲུབ་གནང་མི་གིས་མ་དོ་བར་ ཞལ་འདེབས་ཡང་ ཕུལ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༣༠ ལུ་ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ སྐྱིད་སྡུག་མ་དངུལ་ ༼COVID-19༽ ལུ་ དངུལ་ཀྲམ་ས་ཡ་༡ དང་ གཞུང་གི་ COVID-19 སྔོན་འགོག་མ་རྩ་ནང་ དངུལ་ཀྲམ་ས་ཡ་༡ འབདཝ་ད་ དངུལ་ཀྲམ་ཡོངས་བསྡོམས་ས་ཡ་༢ ཞལ་འདེབས་ཕུལ་ཡོདཔ་ད་ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་དེ་ སྒང་སྟེང་སྤྲུལ་སྐུ་གིས་ གཞི་བཙུགས་གནང་གནངམ་ཨིན་པས།
དེ་གི་ཧེ་མར་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་ བུམ་ཐང་ལྷོ་བྲག་མཁར་ཆུའི་བསྟན་བདག་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་ལས་ ཞལ་འདེབས་དངུལ་ཀྲམ་འབུམ་༧ དང་ མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ དངུལ་ཀྲམ་འབུམ་༣ འབདཝ་ད་བསྡོམས་ཀྱིས་ དངུལ་ཀྲམ་ས་ཡ་༡ བློན་ཆེན་ཌོག་ཊར་བློ་གྲོ་ཚེ་རིང་ལུ་ཕུལ་ནུག།

སློབ་ཕྲུག་བགྲེསཔ་མཐུན་ཚོགས་ཀྱི་གཙོ་འཛིན་ དྲགོས་དཔལ་འབྱོར་རྡོ་རྗེ་གིས་ གཟིམ་དཔོན་འོགམ་ལུ་ དངུལ་འཛིན་རྩིས་སྤྲོད་གནང་པའི་བསྒང་།

པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་དང་ མཚོ་སྐྱེེས་རྡོ་རྗེ་གཞི་ཚོགས་གཉིས་ཀྱིས་ བཀོད་མིའི་ནང་ འཛམ་གླིང་རྒྱལ་ཁབ་དང་ ལྷག་པར་དུ་ འབྲུག་གི་འབངས་མི་སེར་ཞི་བདེ་འབྱུང་ཐབས་དང་ ནད་ཡམས་སྔོན་འགོག་འབད་ཐབས་ལུ་ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་ཀྱི་དབུ་ཁྲིད་ སྒང་སྟེང་སྤྲུལ་སྐུ་དང་ མཚོ་སྐྱེེས་རྡོ་རྗེ་གཞི་ཚོགས་ཀྱི་དབུ་ཁྲིད་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་གིས་ བཀའ་རྒྱ་གནང་མི་དང་བསྟུན་ཏེ་ རང་སོའི་གྲྭ་ཚང་དང་ བཤད་གྲྭ་ དགོན་སྡེ་ཁག་ཚུ་ནང་ རྒྱལ་ཁམས་ཀྱི་ རིམ་གྲོ་ཟློག་ཐབས་སྣ་ཚོགས་ བསྒྲུབས་དང་སྒྲུབ་བཞིན་དུ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ནད་ཡམས་COVID-19 ལུ་བརྟེན་ འཛམ་གླིང་ནང་ མི་འབུམ་ལས་བཅད་མི་ལུ་ ན་ཚ་དང་ ཤི་རྐྱེན་བྱུང་དོ་ཡོད་རུང་ འབྲུག་རྒྱལ་ཁབ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབངས་མི་སེར་ཚུ་ལུ་ བྱམས་བརྩེ་ཆེན་པོའི་སྒོ་ལས་ རང་གི་སྐུ་སྲོག་ལུ་ཡང་ མ་ཕངས་པར་ ཉིན་མཚན་མེད་པར་ ཉེན་འཚུབས་ཅན་གྱི་ ས་ཁོངས་ཚུ་ནང་ ཞབས་ཀྱིས་བཅགས། ཐུགས་རིག་རྣམ་པར་བཀྲ་བའི་ ལམ་སྟོན་གནང་དང་གནང་བཞིན་ཡོདཔ་མ་ཚད་ བློན་ཆེན་གྱིས་གཙོས་པའི་ གསོ་བའི་ལས་བྱེདཔ་དང་ བདེ་སྲུངཔ་ དེ་ལས་ ལས་བྱེདཔ་གཞན་ཚུ་གིས་ འབྲུག་མི་ཕུད་རྡོག་གཅིག་ལུ་ཡང་ རྐྱེན་ཕོག་མི་བཅུག་ནིའི་དོན་ལས་ དུས་ཐོག་ནད་ཡམས་བཀག་ཐབས་དང་ ཉེན་སྲུང་གི་ཐབས་ལམ་སྣ་ཚོགས་ བཏོན་གནང་མི་ལུ་བརྟེན་ མི་ཚུ་ལུ་ གནོད་རྐྱེན་སྦོམ་རྐྱབ་མ་ཚུགས་མི་དེ་ལུ་ གཞི་ཚོགས་གཉིས་ཆ་ར་གིས་ ཧིང་གི་གདིང་ལས་ར་ བཀྲིན་དགའ་ཚོར་ཕུལཝ་ཨིན་པས།

ཞལ་འདེབས་མ་དངུལ་ཕུལཝ་དང་འབྲེལ་ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་ཀྱི་ འཐུས་མི་ཚུ་གིས་ བློན་ཆེན་དང་ མཇལ་ཕྲད་གནང་པའི་བསྒང་།

 

ད་རུང་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ འབྲུག་ལུ་ཡོད་མི་ ནོརཐ་པོ་ཡེནཊ་༼དར་ཇེ་གླིང་ སེནཊ་ཇོ་སེབ་སློབ་གྲྭ༽ སློབ་ཕྲུག་བགྲེསཔ་མཐུན་ཚོགས་ཀྱི་གཙོ་འཛིན་ དྲགོས་དཔལ་འབྱོར་རྡོ་རྗེ་དང་ དངུལ་གཉེར་བསོད་ནམས་སྟོབས་རྒྱས་ཀྱིས་ གཟིམ་དཔོན་འོགམ་ ཀུན་བཟང་རྡོ་རྗེ་ལུ་ དངུལ་ཀྲམ་ས་ཡ་༣ གྱི་ དངུལ་འཛིན་ཅཱེག་ རྩིས་སྤྲོད་ཡོདཔ་ད་ མཐུན་ཚོགས་ཀྱི་ འཐུས་མི་ཚུ་གིས་ སྲོག་རླུང་མཁོ་ཆས་ཚུ་ ཉོ་ནིའི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ སྐྱིད་སྡུག་མ་དངུལ་Covid-19 ལུ་ ཞལ་འདེབས་སྦེ་ ཕུལ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *