ནད་ཡམས་ལུ་བརྟེན་ ཡོངས་འབྲེལ་ཐོག་ དངུལ་སྤྲོད་ལེན་འབད་མི་ཡར་སེང་།

༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ ན་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཚོང་མགྲོན་པ་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་འབད་ནི་དེ་ ཡར་སེང་སོང་ནུག།
དངུལ་སྤྲོད་ལེན་གྱི་ ཕན་གནོད་སྙན་ཞུ་ནང་ དུས་ཅི་ སྤྱི་ཟླ་དང་པ་ལས་ཟླ་༦ པ་ཚུན་ ནང་འཁོད་སིལ་ཚོང་དངུལ་ཀྲམ་ཐེར་འབུམ་༨༠.༦༦ གི་རྩིས་ འཐབ་མི་ལས་ དངུལ་ཀྲམ་ས་ཡ་༢༩.༥ ཡོངས་འབྲེལ་ཐོག་ལས་ སྤྲོད་ལེན་འབད་ནུག་ཟེར་བཀོད་ནུག།
སྤྱིར་སྙོམས་ལུ་ དངུལ་སྤྲོད་ལེན་མི་དེ་ཡང་ སྤྱི་ལོ་༢༠༡༩ ལུ་ ཟླཝ་རེ་ནང་ དངུལ་ཀྲམ་ས་ཡ་༣.༡ འབད་མི་ཕྱདཔ་ད་ དུས་ཅི་ དངུལ་ཀྲམ་ས་ཡ་༤.༩ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
སྙན་ཞུ་དེ་ཡང་ ཀོ་བིཌ་-༡༩ ལུ་བརྟེན་ རྒྱལ་ཁབ་ནང་ ཏི་རུ་བརྩིས་ཏེ་ ནང་འཁོད་དངུལ་སྤྲོད་ལེན་ལུ་ གནོད་སྐྱོན་བྱུང་ཡོད་མེད་ བལྟ་ནིའི་དོན་ལུ་ བརྟག་ཞིབ་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་ བརྒྱ་ཆ་༧༧.༤༧ འབད་མི་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༤ པའི་ནང་འཁོད་ལུ་ དངུལ་སྤྲོད་ལེན་བརྒྱ་ཆ་༨༥ དེ་ཅིག་ ཡར་སེང་ཡོདཔ་ད་ ལྷག་ལུས་ཚུ་ དངུལ་རྐྱང་ཐོག་ སྤྲོད་ལེན་འབད་ནུག།
ཡོངས་བསྡོམས་བརྒྱ་ཆ་༨༥ ལས་ སྤྱིར་སྙོམས་ནང་ ཟླ་རིམ་བཞིན་དུ་ འགྲུལ་འཕྲིན་ཐོག་ལས་ དངུལ་སྤྲོད་ལེན་བརྒྱ་ཆ་༨.༢༩ ཡར་འཕར་སོང་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༩ ལུ་ བརྒྱ་ཆ་༥.༡༨ ལས་བརྒལ་མེདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ དངུལ་སྤྲོད་དང་ བདེ་སྒྲིག་ལམ་ལུགས་ལས་ཁུངས་ཀྱི་མདོ་ཆེན་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ ནད་ཡམས་ཀོ་བིཌ-༡༩ ལུ་བརྟེན་ མི་མངམ་གིས་ ཡོངས་འབྲེལ་ཐོག་ དངུལ་སྤྲོད་ལེན་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཡོདཔ་མེན་པར་ དངུལ་འབྲེལ་གཙུག་སྡེ་དང་ དབང་འཛིན་གྱིས་ ཡོངས་འབྲེལ་ནང་ དངུལ་སྤྲོད་ལེན་འབད་ནི་ལུ་ ཐབས་ལམ་སྣ་ཚོགས་བཏོན་ཡོད་པའི་ བརྡ་མཚོན་ལེགས་ཤོམ་ཅིག་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དབང་འཛིན་གྱིས་ ལྷག་པར་དུ་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་ལམ་ལུགས་དང་ དངུལ་ཤོག་ལག་ལེན་ འཛེམ་ནི་ཚུ་ཡང་ ཡར་དྲག་གཏང་ནི་དང་ ཡོངས་འབྲེལ་ནང་ དངུལ་སྤྲོད་ལེན་དེ་གིས་ ཀོ་བིཌ་-༡༩ ལུ་བརྟེན་ རྒྱལ་ཁབ་ སྒོ་བསྡམས་དགོཔ་བྱུང་རུང་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
མདོ་ཆེན་གྱིས་ བཤད་མིའི་ནང་ ཡོངས་འབྲེལ་ཐོག་ དངུལ་སྤྲོད་ལེན་ལམ་ལུགས་དེ་ གོ་བ་བརྡ་སྤྲོད་འབད་ནི་དེ་ གལ་ཆེཝ་བཞིན་དུ་ ད་རེས་ མི་མང་ཤོས་ཅིག་གིས་ར་ ལམ་ལུགས་ལག་ལེན་འཐབ་མས་ཟེར་ཨིན་པས།
བཀྲིས་ཚོང་ལས་ཀྱིས་ དམིགས་བསལ་དུ་ དུས་ཅི་ སྤྱི་ཟླ་༣ པ་ལས་ ཨི་ཏི་རུ་ཟེར་མི་ རིམ་ལུགས་ཅིག་ གསར་བཏོན་འབད་བའི་ཤུལ་ལས་ མོ་བཱ་ཡེལ་ ཝ་ལེཊ་ལག་ལེན་འཐབ་མི་ ཡར་སེང་སོང་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ མོ་བཱ་ཡེལ་ ཝ་ལེཊ་ལག་ལེན་འཐབ་མི་ ཡར་སེང་སོང་མི་ གནད་དོན་༡ པོ་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ཟླ་༤ པའི་ནང་ སྲིད་བྱུས་བསྒྱུར་བཅོས་འབད་དེ་ ཚོང་པ་ཚུ་ལུ་ དངུལ་སྤྲོད་ལེན་ལྷན་ཐབས་ཀྱི་ ཚད་གཞི་ཡར་སེང་འབད་མི་ལུ་བརྟེན་ཨིན་མས་ཟེར་བཀོད་ནུག།
དེ་བཟུམ་སྦེ་ སྤྱི་ལོ་༢༠༢༠ ལུ་ དངུལ་བཏོན་འཕྲུལ་ཆས་ལས་ ཏི་རུ་བཏོན་ནི་ཡང་ བརྒྱ་ཆ་༢.༧༤ དེ་ཅིག་ མར་བབས་སོང་སྟེ་ཡོདཔ་ད་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༤༤.༨༦ ལས་ ཡོངས་འབྲེལ་ཐོག་ ངུལ་ཀྲམ་ས་ཡ་༡༢.༥༤ སྤྲོད་ལེན་འབད་ཡོདཔ་ཨིན་པས།
དངུལ་འབྲེལ་སྤྲོད་ལེན་འབད་མི་ཚུ་ཡང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཡར་སེང་སོང་སྟེ་ཡོདཔ་ད་ ལམ་ལུགས་དེ་ཡང་ ཚོང་མགྲོན་པ་ཚུ་གིས་ རྒྱལ་ནང་འཁོད་ཀྱི་ དངུལ་འབྲེལ་ལས་ཁང་ཚུ་ནང་ དངུལ་ཀྲམ་༡ ལས་ས་ཡ་༡ ཚུན་ དངུལ་སྤྲོད་ལེན་འབད་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༡,༣༦༦ གནས་པའི་༨,༩༢༥ དེ་ཅིག་ དངུལ་སྤྲོད་ལེན་འབད་ཡོདཔ་བཞིན་དུ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་སྦོམ་ཚུ་ཡང་ ལག་ལེན་འཐབ་ནི་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
སྙན་ཞུ་ནང་ སྤྱི་ལོ་༢༠༡༩ ཟླ་དང་པ་ལས་ དུས་ཅི་ སྤྱི་ཟླ་༦ པ་ཚུན་གྱི་ སིལ་ཚོང་དང་ བརྩི་མཐོང་སྦོམ་ཡོད་པའི་ དངུལ་སྤྲོད་ལེན་དབྱེ་ཁག་བཟོ་སྟེ་ཡོད་པའི་ གནས་སྡུད་ཚུ་ བཙུགས་ཏེ་ཡོད་པའི་ཁར་ ཤོག་བྱང་དང་ མོ་བཱ་ཡེལ་ཡོངས་འབྲེལ་ དངུལ་འཛིན་ཅེག་ དེ་ལས་ ཏི་རུ་ལག་ལེན་ལུ་ གཞི་བཞག་ཐོག་ལས་ འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *