ཚོང་མགྲོན་པ་ ཉུང་སུ་ཅིག་ལས་མེད་མི་ བཀྲིས་སྒང་ གཡང་འཁྱིལ་ཟ་ཁང་།

ནད་ཡམས་ལུ་བརྟེན་ བཀྲིས་སྒང་དང་ བཀྲིས་གཡང་རྩེའི་ཟ་ཁང་ཚུ་ གྱོང་རྒུད་ཕོག་ཡོདཔ།

༉ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ཡོད་མི་ སྐྱིད་གནས་ཟ་ཁང་ཚུ་ ནད་ཡམས་ལུ་བརྟེན་ སྒོ་བསྡམས་ཡོདཔ་བཞིན་དུ་ སྒོ་ཕྱེ་བཅུག་མི་ ཟ་ཁང་ཆུང་བ་ཚུ་ཡང་ ཚོང་འབྲེལ་ལེགས་ཤོམ་སྦེ་ འགྱོ་མ་བཏུབ་པར་འདུག།
དེ་ཡང་ ནད་ཡམས་ལུ་བརྟེན་ ཕར་ཚུར་འགྲོ་འགྲུལ་འབད་མི་ གངམ་མེད་མི་དང་ ཚོང་མགྲོན་པ་ཚུ་འོང་རུང་ འོང་འབབ་བཟོ་མི་ཚུགས་པས་ཟེར་ ཟ་ཁང་གི་ ཇོ་བདག་ཚུ་གིས་ བཤདཔ་ཨིན་པས།
གླིང་མཁར་སྐྱིད་གནས་ཀྱི་ཇོ་བདག་ བདེ་སྐྱིད་དཔལ་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ལས་ར་ ལྟ་བཤལཔ་འོང་ནི་མེད་པའི་གུ་ ད་རེས་ནད་ཡམས་ལུ་བརྟེན་ ཧེལ་སྐལ་ར་ ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་ ལཱ་འབད་མི་ཚུ་ སྐྱིད་གནས་ཉམས་བཅོས་རེ་ འབད་བཅུག་སྟེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་ལུ་ སྐྱིད་གནས་༢ དང་ བཀྲིས་སྒང་ཁྲོམ་ནང་ ཟ་ཁང་༣༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
ཟ་ཁང་བཙུགས་ཏེ་ འཚོ་བ་སྐྱོང་སྡོད་མི་ ཀ་མ་ལ་ ར་སེ་ལི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༡༥༠,༠༠༠ དང་༢༥༠,༠༠༠ བར་ན་ཐོབ་མི་དེ་ ད་རེས་ དངུལ་ཀྲམ་༡༠༠,༠༠༠ འཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཁང་གླ་དངུལ་ཀྲམ་༨༠,༠༠༠ སྤྲོད་མི་དང་ ཟ་ཆས་ཀྱི་ཉོ་མི་ཚུ་ རྩིས་རྐྱབ་པ་ཅིན་ རྒུད་ཕོག་སྟེ་ཡོད་ཟེར་ཨིན་པས།
མོ་གི་ཟ་ཁང་ནང་ མི་ཤོང་ཚད་༣༢ ཡོདཔ་ད་ ད་རེས་ ནད་ཡམས་ལུ་བརྟེན་ ས་སྟོང་བཞག་དགོཔ་ལས་ མི་༡༦ ལུ་ཕབ་མི་དེ་རང་ ས་སྟོང་མི་ཊར་༡ བཞག་དགོ་ནི་དེ་གིས་ཨིན་པས།
གཞུང་གི་ཁ་ཐུག་ལས་ ནད་ཡམས་བཀག་ཐབས་ལུ་ ཕར་ཚུར་འགྱོ་ནི་ལས་ འཛེམ་དགོ་པའི་བཀའ་རྒྱ་བཏོན་མི་ལུ་བརྟེན་ ཕར་ཚུར་འགྲོ་འགྲུལ་འབད་མི་ གངམ་མིན་འདུག་ཟེར་ ཟ་ཁང་གི་ཇོ་བདག་ བསྟན་འཛིན་གྱིས་ སླབ་ཨིན་པས།
བསྟན་འཛིན་གྱིས་ སྤྱི་ལོ་༢༠༠༨ ལས་ཚུར་ བཀྲིས་སྒང་ལུ་ ཟ་ཁང་བཙུགས་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁང་གླ་སྤྲོད་ནི་དང་ འོང་འབབ་བཟོ་ཚུགས་རུང་ ད་རེས་ ཟླཝ་༡ ལུ་ དངུལ་ཀྲམ་༡༠,༠༠༠ བཟོ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འོང་འབབ་བརྒྱ་ཆ་༨༠ དང་༩༠ གི་བར་ན་ མར་བབས་སོང་ཡི་ཟེར་ཨིནམ་ད་ གནས་སྟངས་དེ་སྦེ་ར་ མི་ལུས་ག་ཟེར་བའི་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་ཁྲོམ་ཁར་ གཡང་འཁྱིལ་ཟ་ཁང་དེ་ འཕྲལ་འཕྲལ་ར་ སྟོངམ་སྦེ་མཐོང་དོ་ཡོདཔ་ད་ ཉིནམ་༡ གི་འོང་འབབ་དངུལ་ཀྲམ་༥༠༠༠ ཐོབ་མི་དེ་ ད་རེས་དངུལ་ཀྲམ་༡༠༠༠ ཡང་ འཐོབ་ཚུགས་པར་ ལཱ་ཁག་བཏང་མས་ཟེར་ ཟ་ཁང་གི་ཇོ་བདག་ ཚོགས་སྐྱིད་ཀྱིས་ བཤདཔ་ཨིན་པས།
གནས་སྟངས་དེ་སྦེ་ར་ ལུས་པ་ཅིན་ སྒོ་བསྡམ་དགོཔ་འཐོན་ནི་མས་ཟེར་ཨིནམ་ད་ ཁང་གླ་སྤྲོད་མ་ཚུགས་པར་ ཟླཝ་༣ ལང་དོ་ཟེར་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕྱི་རུའི་ཆུ་ཚོད་༧ ལས་སྒོ་བསྡམ་དགོཔ་ལས་ མི་རེ་གཉིས་ཆང་འཐུང་པར་འོང་མི་ཚུ་ཡང་ མི་འོང་པས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཉུང་ཤོས་ར་ མི་༢༠ དེ་ཅིག་ འོང་ནི་ཡོད་ཟེར་ཨིན་པས།
ཚོང་འགྲོན་པ་ ཉུང་སུ་ལས་ཅིག་ལས་མེད་མི་དང་ ནད་ཡམས་ཀྱི་གནས་སྟངས་ལུ་བརྟེན་ ཟ་ཁང་ལ་ལོ་ཅིག་གིས་ བཞེས་སྒོ་མ་འདྲཝ་བཟོ་ནི་ཚུ་ཡང་ མར་ཕབ་འབད་ཡོདཔ་ད་ དེ་ཡང་ ཆུད་ཟད་མི་འགྱོ་ནིའི་དོན་ལུ་ཨིན་པས།
ཟ་ཁང་གི་ ཚོང་འབྲེལ་ལེགས་ཤོམ་མེདཔ་ལས་ བཟའ་ཚང་སྐྱོང་ཚུགསཔ་ཅིག་གི་ གནས་སྟངས་གུ་ལྷོད་དེ་ཡོད་ཟེར་ བཀྲིས་གཡང་རྩེ་ལུ་ ཟ་ཁང་བཙུགས་སྡོད་མི་ བདེ་ཆེན་བཟང་མོ་གིས་ བཤད་པའི་ཁར་ བཞེས་སྒོ་ཡང་ མཁོ་མངགས་འབད་མི་དང་འཁྲིལ་ བཟོ་བྱིན་དོ་ཟེར་ཨིནམ་ད་ ལེ་ཤ་བཟོ་ཅིན་ འཕྲོ་བརླག་འགྱོཝ་མས་ཟེར་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟླཝ་༣ ལྷགཔ་ཅིག་ ཟ་ཁང་སྟོངམ་སྦེ་ར་ སྒོ་ཕྱེས་བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
བདེ་ཆེན་བཟང་མོ་དང་འཁྲིལ་བ་ཅིན་ ཧེ་མ་ དུས་སྟོན་དང་ ལས་རིམ་ཚུ་ཡོདཔ་ད་ ཉིནམ་༡ ལུ་ བཞེས་སྒོ་མཁོ་མངགས་འབད་མི་༣ དང་༤ བར་ན་ འོང་ནི་ཡོད་ཟེར་ཨིནམ་ད་ དེ་བསྒང་ ཟླ་རིམ་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ བཟོ་ནི་ཡོད་ཟེར་ཨིན་པས།
བཀྲིས་གཡང་རྩེའི་ ཟ་ཁང་ཚུ་ སྤྱི་ཟླ་༢ ལས་༤ པ་ཚུན་ འོང་འབབ་བཟོ་ནིའི་ དུས་ཚོད་ཅིག་ཨིན་རུང་ ནད་ཡམས་ལུ་བརྟེན་ འོང་འབབ་བཟོ་ནི་ལུ་ ཐོ་ཕོག་ཡི་ཟེར་ བསམ་འཕེལ་ཀུན་བྱུང་གི་ཇོ་བདག་ ལས་སྐྱིད་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྱིམ་གྱི་ཇོ་བདག་དང་གཅིག་ཁར་ བསྟུན་གྲོས་འབད་དེ་ ཟླ་རིམ་བཞིན་དུ་ ཁང་གླ་དངུལ་ཀྲམ་༣༥,༠༠༠ ལས་ དངུལ་ཀྲམ་༢༤,༥༠༠ སྤྲོད་ནི་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ཁང་གླ་བརྒྱ་ཆ་༣༠ ཕབ་མི་དེ་ འཕྲོ་མཐུད་དེ་ར་ བཞག་ཚུགས་ཅི་ཟེར་ཨིན་པས།
ཤེས་རྟོགས་བྱུང་མའི་ནང་ ནད་ཡམས་བཀག་ཐབས་ལུ་ གསོ་བའི་བསླབ་བྱ་དང་འཁྲིལ་ ཟ་ཁང་བཙུགས་མི་ཚུ་གིས་ རྐང་ཁྲི་ལ་ལོ་ཅིག་བཏོན་ཏེ་ ས་སྟོང་བཞག་ཡོདཔ་ད་ ཚོང་མགྲོན་པ་ཚུ་ ལགཔ་འཁྱུ་ནིའི་མཐུན་རྐྱེན་ཚུ་ བཙུགས་ཏེ་འདུག།
ནད་ཡམས་དེ་ ནམ་ཞི་ཐབས་འབད་ཚུགས་ག་ ཏན་ཏན་སྦེ་ སླབ་མ་ཤེས་ནི་དེ་གིས་ ཨ་རྟག་ཧར་ལུགས་ཀྱི་ ཚོང་འབྲེལ་གནས་སྟངས་གུ་ ལྷོད་ཚུགས་ནི་ལུ་ དུས་ཚོད་འགོར་ནི་མས་ཟེར་ ཇོ་བདག་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *