ེ
ཁ་ཙ་ བསམ་རྩེ་རྡོག་ཕུག་ཅན་ བཱ་མིན་གཡུས་ཚན་ལས་ ཁྱིམ་གུང་༢༢ ཀྱིས་ མར་ཀེ་ཇི་༡༥.༥ དང་ དར་ཚིལ་སྒོང་༡༣༠ ནགས་སྐྱེས་ཆགས་པ་༡,༠༠༥  ཞལ་འདེབས་ཕུལ་ནུག།

ནད་ཡམས་ཀྱི་ གདོང་ལེན་ལུ་ ཞལ་འདེབས་ཕུལ་མི་ གཅིག་ཤུལ་གཉིས་ཤུལ་ ཐོན་དོ་ཡོདཔ།

༉ རྒྱལ་ཁབ་ནང་ ནད་ཡམས་COVID-19 ཐོབ་མི་ ཡར་སེང་འགྱོ་དོ་ཡོད་མི་ལུ་བརྟེན་ མི་ཚུ་གིས་ དངུལ་རྐྱང་ ཡང་ཅིན་ ཅ་ཆས་གཞན་ཚུ་གི་ཐོག་ལས་ གཞུང་ལུ་ གཅིག་ཤུལ་གཉིས་ཤུལ་སྦེ་ ཞལ་འདེབས་འབད་དོ་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༡ ལུ་ ལྷ་སྐྱིད་ལས་སྡེའི་ ཁྲི་འཛིན་འོགམ་དང་ འཇིགས་མེད་ས་གཏེར་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ བསོད་ནམས་སྟོབས་རྒྱས་ཀྱིས་ བསམ་རྩེ་རྫོང་བདག་དང་ འབྲེལ་ཡོད་འགོ་དཔོན་ཚུ་ ངོ་འཛོམས་ཐོག་ལས་ བསམ་རྩེ་སྨན་ཁང་ལུ་ སྲོག་རླུང་འཕྲུལ་ཆས་༢ ཞལ་འདེབས་སྦེ་བྱིན་ནུག།

ཁྲི་འཛིན་འོགམ་གིས་ ཧེ་མ་ཡང་ སྒོམ་ཀྲུ་སྨན་ཁང་ལུ་ འཕྲུལ་ཆས་༢ ཞལ་འདེབས་བྱིན་ཡི་ཟེར་ བསམ་རྩེ་རྫོང་ཁག་གི་ མི་སྡེ་བརྡ་བརྒྱུད་ནང་བཀོད་ནུག།

དེ་ལས་ ཁ་ཙ་ བསམ་རྩེ་རྡོག་ཕུག་ཅན་ བཱ་མིན་སྒང་གཡུས་ཚན་ལས་ ཁྱིམ་གུང་༢༢ ཀྱིས་ ཕུན་ཚོགས་གླིང་ལུ་ COVID-19 གྱི་གདོང་ལེན་ལུ་ མར་ཀེ་ཇི་༡༥.༥ དང་ དར་ཚིལ་སྒོང་༡༣༠ ནགས་སྐྱེས་ཆགས་པ་༡,༠༠༥ ཞལ་འདེབས་འབད་ཡོདཔ་བཞིན་དུ་ ཅ་ཆས་ཚུ་ཡང་ གཡུས་ཁ་ལས་ ཕོ་སྐྱེས་གསུམ་གྱིས་ ཕུན་ཚོགས་གླིང་ཚུན་ བསྐྱལ་བར་འོང་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ སྤྱི་ཟླ་༣ པའི་ཚེས་༥ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་མི་ འགོ་དང་པ་ བདའ་ཟུན་པའི་ཤུལ་ལས་ གཞུང་གིས་ མ་དངུལ་གྱི་ རྒྱབ་སྐྱོར་དགོ་པའི་ ཞུ་བ་འབད་དེ་མེད་རུང་ ཞལ་འདེབས་ཕུལ་མི་ ལེ་ཤ་ཐོན་ཡོདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢ ལུ་ བསམ་རྩེ་རྫོང་ཁག་ཚོགས་འདུ་གིས་ དངུལ་ཀྲམ་༡༥༡,༠༠༠ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་མ་དངུལ་(COVID-19)ནང་ ཞལ་འདེབས་ཕུལ་མི་དེ་ རྫོང་ཁག་ཚོགས་འདུའི་གྲས་ལས་ དང་པ་ཨིན་པས།

འབྲུག་ཀི་རི་ཀེཊ་ཚོགས་པ་གིས་ ནད་གཞི་བཀག་ཐབས་ཀྱི་དོན་ལུ་ ཡུ་ཨེསི་ཌོ་ལར་༡༠,༠༠༠ ཞལ་འདེབས་ཕུལ་ཡོད་པའི་ཁར་ བསྟན་སྲུང་དམག་མི་བགྲེསཔ་མཐུན་ཚོགས་ཀྱིས་ དངུལ་ཀྲམ་༦༠༠,༠༠༠ ཞལ་འདེབས་ཕུལ་ནུག།

ཆོས་སྡེ་ཁག་སོ་སོ་གིས་ཡང་ མ་དངུལ་གྱི་ ཞལ་འདེབས་ཕུལ་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༡ ལུ་ པདྨ་ཆོས་གླིང་ཆོས་སྡེ་ཚོགས་པ་གིས་ ཞལ་འདེབས་དངུལ་ཀྲམ་ས་ཡ་༡ བློན་ཆེན་ལུ་ ཕུལ་ཡོད་པའི་ཁར་ འབྲུག་སུ་པར་ལིག་༢༠༢༠ ནང་ལས་ དྲག་ཤོས་ཐོན་མི་ ཧའི་ཀོ་ལི་ཊི་ཨེཕ་སི་གིས་ COVID-19 གི་ མ་དངུལ་ནང་ དངུལ་ཀྲམ་༡༥༠,༠༠༠ ཞལ་འདེབས་བྱིན་ནུག།

ཐིམ་ཕུག་ལུ་ཡོད་པའི་ ཨེཊ་ཨི་ལེ་བཱན་ཚོང་ལས་ཀྱིས་ བློན་ཆེན་ལུ་ དངུལ་ཀྲམ་༦༠༠,༠༠༠ ཞལ་འདེབས་ཕུལ་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ དགེ་འདུ་ལུ་ཡོད་མི་ འབྲུག་གི་དངུལ་ཁང་ཡན་ལག་གིས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་ དངུལ་ཀྲམ་༥༤༣,༤༢༧ ཞལ་འདེབས་བྱིན་མི་དེ་ཡང་ དངུལ་ཁང་གི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ལས་བཏོག་སྟེ་དང་ ཞལ་འདེབས་འབད་མི་ཚུ་ཨིན་པས།

དགེ་ལེགས་ཕུག་གི་ ཚོང་པ་ཚུ་གིས་ཡང་ སྤྱི་ཟླ་༤ པའི་ཚེས་༡ ལུ་ COVID-19 གི་ གདོང་ལེན་ལུ་ ཞལ་འདེབས་འབད་ཡོདཔ་ད་ དེ་ཡང་ དུ་གར་བཟའ་ཆས་ཚོང་ཁང་གིས་ དངུལ་ཀྲམ་༡༡༡,༡༡༡.༡ དང་ ཀི་ཝར་ཅཱན་གྱོན་ཆས་ཚོང་ཁང་གིས་ དངུལ་ཀྲམ་༩༠,༠༠༠ ཞལ་འདེབས་སྦེ་ཕུལ་ནུག།

དེ་མ་ཚད་ བདེ་སྐྱིད་ཚོང་ཁང་གིས་ དངུལ་ཀྲམ་༥༠,༠༥༡ ཞལ་འདེབས་འབད་བའི་ཁར་ དགའ་སྐྱིད་ཚོང་ཁང་དང་ ལྷ་སྒྲོན་ཚོང་ཁང་གིས་ དངུལ་ཀྲམ་༥༠,༠༠༠ རེ་ ཕུལ་ཡོདཔ་ཨིན་པས།

རྩི་རང་ དུང་ལ་སྒང་གི་ གྲོང་གསེབ་ཡར་རྒྱས་སྡེ་ཚན་གྱིས་ གཞུང་ལུ་ ཚོད་བསྲེ་ཀེ་ཇི་༡,༠༠༠ ཕུལ་ཡོདཔ་ད་ སྡེ་ཚན་ནང་ འཐུས་མི་༡༦ ཡོད་མི་ལས་ འཐུས་མི་ཅིག་གིས་ ནད་ཡམས་བཀག་ཐབས་འབད་ནི་ལུ་ གཞུང་ལུ་ རྒྱབ་སྐྱོར་ཆུང་ཀུ་ཅིག་ར་ཨིན་ཟེར་ བཤདཔ་ཨིན་པས།

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ གཞུང་ལུ་ འགྲུལ་སྐྱོད་མཛོད་ཁང་གཉིས་ རྒྱབ་སྐྱོར་སྦེ་ ཕུལ་ཡོདཔ་ད་ མཐུན་རྐྱེན་དེ་ཡང་ ཟླཝ་༣ དེ་ཅིག་གི་རིང་ མི་རློབས་ཕྱེད་ཀ་ཅིག་ལུ་ བྱིན་ནི་གི་ བཟའ་ཆས་ཚུ་ བཞག་ནིའི་དོན་ལས་ ལག་ལེན་འཐབ་ནི་ཨིན་པས།

འགྲུལ་སྐྱོད་མཛོད་ཁང་རེ་ལུ་ ཡུ་ཨེསི་ཌོ་ལར་༤༥,༠༠༠ རེ་ ཟད་འགྲོ་གནས་ཡོདཔ་བཞིན་དུ་ མཛོད་ཁང་རེ་ནང་ མེ་ཊིག་ཊཱན་༥༠༠ དེ་རེ་ ཤོང་ཚུགས་ནི་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༡ ལུ་ གཞལམ་སྒང་ ཏིང་ཏི་སྦིས་ལུ་ཡོད་མི་ ཁེངས་རིག་རྣམ་གསུམ་མི་སྡེ་དང་འབྲེལ་བའི་ ཨིསི་ཀའུཊ་གིས་ དངུལ་ཀྲམ་༡༥,༠༠༠ ཞལ་འདེབས་ཕུལ་ཡོད་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *