བཟོ་རིག་༡༣ སྤེལ་ཁང་གི་ སློབ་ཕྲུག་ཀརྨ་གིས་ སྟོན་པའི་སྐུ་འདྲ་བཞེངས་པའི་བསྒང་།

ནད་ཡམས་ཀྱི་གནས་སྟངས་ནང་ བཟོ་རིག་༡༣ སྤེལ་ཁང་གི་ སློབ་ཕྲུག་ཚུ་གིས་ འོང་འབབ་བཟོ་དོ་ཡོདཔ།

༉ ནད་ཡམས་ཀོ་བིཌ་༡༩ འི་ ཉེན་སྲུང་གི་དོན་ལུ་ བཀྲིས་གཡང་རྩེ་ བཟོ་རིག་༡༣ ཡང་ སྒོ་བསྡམས་ཡོདཔ་བཞིན་དུ་ སློབ་ཕྲུག་ཚུ་ རང་སོའི་གཡུས་ཁར་བཏང་ཡོད་རུང་ ལ་ལོ་ཅིག་ བཀྲིས་གཡང་རྩེ་ལུ་ར་ སྡོད་ནུག།
དེ་ཡང་ རང་སའོ་གཡུས་ཁར་ ཡོངས་འབྲེལ་གྱི་ཞབས་ཏོག་མེད་མི་དང་ ལ་ལོ་ཅིག་ རང་སོའི་ རིག་རྩལ་གཡོག་བཀོལ་ཏེ་ འོང་འབབ་བཟོ་ནི་དོན་ལུ་ སྡོད་ཡོདཔ་ཨིན་པས།
ད་རེས་ནངས་པར་ སློབ་ཕྲུག་ལ་ལོ་ཅིག་གིས་ ལྷ་བྲིས་དང་ པ་ཏྲ་བརྐོ་ནི་ དེ་ལས་ རིག་རྩལ་གཞན་གྱི་ལཱ་འབད་དེ་ འོང་འབབ་བཟོ་བའི་བསྒང་ཡོདཔ་ད་ ལ་ལོ་ཅིག་གིས་ རང་སོའི་གཡུས་ཁར་སོང་སྟེ་ ཕམ་ཚུ་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས།
བཟོ་རིག་༡༣ སྤེལ་ཁང་གི་ སློབ་ཕྲུག་ཀརྨ་དེ་ སྤེལ་ཁང་སྒོ་བསྡམས་པའི་ཤུལ་ལུ་ ཁོ་རའི་སློབ་དཔོན་དང་མཉམ་ འོང་འབབ་ཀྱི་ལཱ་འབད་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ གནས་སྐབས་ཀྱི་ལཱ་འབད་མི་དང་འབྲེལ་ སློབ་ཁང་ལས་ མ་ཐོབ་པའི་རིག་རྩལ་ཚུ་ཡང་ འཐོབ་ཚུགས་པས་ཟེར་ཨིནམ་ད་ ཁོང་༣ དེ་ཅིག་ ལྷ་བྲིས་ཀྱི་ལཱ་འབད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་གི་ཆོས་རྒྱུགས་རྐྱབ་དགོཔ་ལས་ སྤེལ་ཁང་སྒོ་བསྡམས་རུང་ མི་སྡེ་བརྡ་བརྒྱུད་ནང་ སྡེ་ཚན་ཅིག་བཟོ་ནུག་ཟེར་ཨིནམ་ད་ ཁོ་གིས་ དྲོ་པ་དང་ཕྱི་རུ་ དཔེ་ཆ་ལྷབ་སྟེ་ ཉིན་མ་འོང་འབབ་ཀྱི་ ལཱ་རེ་འབད་དོ་ཟེར་ཨིན་པས།
ཀརྨ་གིས་འབད་བ་ཅིན་ ལྷ་བྲིས་མཁས་པ་ཅིག་འབད་ནིའི་ རེ་བ་ཡོད་ཟེར་ཨིནམ་ད་ ད་ལྟོ་ཚུན་ སློབ་དཔོན་དང་གཅིག་ཁར་ ལཱ་འབད་དེ་ ལྷ་ཚོགས་མ་འདྲཝ་༢༡ དེ་ཅིག་ འབྲི་ནི་དང་ ཚོན་གཏང་ནི་ཚུ་ ལྷབ་ནིའི་གོ་སྐབས་ཐོབ་ཅི་ཟེར་ཨིནམ་ད་ གཡུས་ཁ་མ་འགྱོ་བར་ རིག་རྩལ་ལྷབ་སྡོད་ནི་སྦེ་ ཐག་བཅད་ཡི་ཟེར་ཨིན་པས།
སྐྱེས་ལོ་༢༣ ལང་མི་ དཀར་སངས་ཟླ་བ་གིས་ སླབ་མིའི་ནང་ ཕྱི་རུ་དཔེ་ཆ་ལྷབ་སྟེ་ དྲོ་པ་ཧ་སག་ལས་ པ་ཏྲ་བརྐོ་ནིའི་ ལཱ་འབད་དོ་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ འོང་འབབ་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཚུགས་ཅི་ཟེར་ཨིནམ་ད་ ད་རུང་ མཁོ་མངགས་འབད་མི་ ཐོན་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མང་ཤོས་ར་ བཟོ་རིགས་༡༣ གྱི་ལཱ་དེ་ སྦྱོང་ལཱ་ཐོག་ལས་ སྦྱང་བ་འབད་དགོཔ་ལས་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཨིན་རུང་ རི་མོ་ཚུ་ སློབ་དཔོན་ཚུ་གིས་ ཡོངས་འབྲེལ་ནང་ གཏང་ནི་འདུག་ཟེར་ཨིན་པས།
སློབ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་རིག་ཡོན་ཏན་དེ་ གདོང་བསྒོར་རྐྱབ་སྟེ་ རིག་རྩལ་བཏོན་དགོཔ་ལས་ རིག་རྩལ་བཏོན་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།
སློབ་ཕྲུག་ལ་ལོ་ཅིག་ལུ་ མཐུན་རྐྱེན་ཚུ་ ག་ནི་ཡང་མེད་པའི་ཁར་ ལ་ལོ་ཅིག་ མཐུན་རྐྱེན་ཡོད་རུང་ ས་གནས་མཐའ་ཟུར་ནང་འབདཝ་ལས་ ཡོངས་འབྲེལ་དང་འབྲེལ་བའི་སྟབས་མ་བདེཝ་འདུག་ཟེར་ སློབ་དཔོན་ཅིག་གིས་ བཤད་པའི་ཁར་ སློབ་ཕྲུག་དང་འབྲེལ་བ་ཡང་ འཐོབ་མི་ཚུགས་པས་ཟེར་ཨིན་པས།
སྐྱེས་ལོ་༢༣ ལང་མི་ སློབ་ཕྲུག་ཆོས་དབྱིངས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་སློབ་ཕྲུག་ཚུ་ རྒྱང་མཐོང་དང་ ཡོངས་འབྲེལ་ཐོག་ལས་ དཔེ་ཆ་ལྷབ་སྟེ་ གྲལ་གཏོགས་འབད་དོ་ཡོད་རུང་ བཟོ་རིག་གི་ སློབ་ཕྲུག་ཚུ་འབད་བ་ཅིན་ ལྷབ་སའི་ས་གོ་མེདཔ་ལས་ གདོང་ལེན་འདུག་ཟེར་ཨིན་པས།
མང་ཤོས་ར་ སྦྱོང་ལཱ་འབད་དགོཔ་ལས་ སློབ་དཔོན་མེད་པ་ཅིན་ རིག་རྩལ་ཤེས་ཚུགས་པར་ ལཱ་ཁག་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ ད་ལྟོ་ ལྷབ་སྦྱང་འབད་བའི་དུས་ཚོད་ཨིནམ་ལས་ སྦྱོང་ལཱ་པ་ཏྲ་བརྐོ་ནི་དང་ ལྷ་བྲིས་ཀྱི་ ལཱ་འབད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མང་ཤོས་ར་ ཕམ་ཚུ་ལུ་ སོ་ནམ་གྱི་ལཱ་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ཨིནམ་ད་ དུས་ཚོད་འཐོབ་ད་ ཨིང་སྐད་དང་ ཆོས་ཚན་གཞན་ཚུ་ ལྷབ་སྡོད་དོ་ཟེར་ཨིན་པས།
སློབ་ཕྲུག་སྐལ་བཟང་ཟླ་བ་གིས་ ད་རེས་ ནད་ཡམས་ལུ་བརྟེན་ སློབ་ཕྲུག་ཚུ་ ཤེས་ཡོན་ལུ་ཐོ་ཕོག་ཡི་ཟེར་ཨིནམ་ད་ ད་རེས་ ཁོ་ར་ མཆོད་གཤམ་ཅིག་ ཚོན་བཏང་པའི་བསྒང་ཡོད་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ ཁོ་རའི་ སྤུན་ཆ་དང་གཅིག་ཁར་སྡོད་དེ་ ཚོན་གཏང་ཐངས་ཀྱི་རིག་རྩལ་ཚུ་ སྦྱང་བ་འབད་སྡོད་དོ་ཟེར་ཨིནམ་ད་ སློབ་ཁང་ནང་ མ་ཐོབ་པའི་རིག་རྩལ་ཚུ་ ལྷབ་སྦྱང་འབད་ཚུགས་པས་ཟེར་ཨིན་པས།
རིག་རྩལ་ཚུ་ སྦྱང་བ་འབད་ནིའི་ གནས་ཚད་གུ་མ་ལྷོད་རུང་ ཤུལ་ལས་ རིག་རྩལ་ལྷབ་སྦྱང་འབདཝ་ད་ ཐེབས་ཤེས་ཚུགས་ནི་མས་ཟེར་ སྐལ་བཟང་ཟླ་བ་གིས་ བཤད་པའི་ཁར་ རང་གི་ཟད་འགྲོའི་དོན་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ སོ་ནམ་པའི་ལཱ་དང་ ལཱ་ཤུགས་འབདཝ་ད་ ལགཔ་ཚུ་ མེདཔ་ཐལ་དོ་ཡོདཔ་ལས་ ལྷ་བྲིས་ཀྱི་ལཱ་འབད་ཚུགས་པར་ ལཱ་ཁག་ཡོད་ཟེར་ཨིནམ་ད་ ད་རེས་ གནས་སྐབས་ཀྱི་ ལཱ་རེ་འབད་སྡོད་དོ་ཟེར་ཨིན་པས།
བཟོ་རིགས་༡༣ གྱི་ སློབ་དབུ་འཛིན་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཆོས་ཚན་མང་ཤོས་ར་ སྦྱོང་ལཱ་ཐོག་ལས་ ལྷབ་སྦྱང་འབད་དགོཔ་ལས་ མི་སྡེ་བརྡ་བརྒྱུད་ཐོག་ལས་ སློབ་སྟོན་འབདཝ་ད་ སློབ་ཕྲུག་ཚུ་གིས་ རིག་རྩལ་སྦྱང་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
སློབ་དཔོན་ཚུ་གིས་ སློབ་ཕྲུག་འབྲེལ་འཛིན་བཞག་ཐབས་ལུ་ སྡེ་ཚན་བཟོ་སྟེ་ སྦྱོང་ལཱ་ཚུ་བྱིན་ཏེ་ཡོད་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་ རི་མོའི་དཔེ་ཚུ་ པར་སྐྲུན་འབད་དེ་ སྦྱོང་ལཱ་སྤྲོད་དེ་ ཁྱིམ་ནང་བཏང་ཡི་ཟེར་ སློབ་དབུ་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *