ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཨམ་སྲུ་༢ ཨ་ལོ་ཆགས་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ ཨམ་སྲུ་༢ ཨ་ལོ་ཆགས་ཡོད་རུང་ ཚ་གྱང་ལང་དགོཔ་མེད་མི་དེ་ཡང་ གསོ་བའི་ལྷན་ཁག་གིས་ སྔོན་འགོག་གི་སྒྲིག་གཞི་ཚུ་ བརྩམས་ཡོད་མི་དང་འཁྲིལ་ བསྟར་སྤྱོད་འབད་མི་ལུ་བརྟེན་ཨིན་པས།
དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ཤེས་རྟོགས་བྱུང་ཡི།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་མིའི་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་ ཨམ་སྲུ་༢ ཨ་ལོ་ཆགས་མིའི་གྲས་ལས་ ཨམ་སྲུ་༡ དྲག་ནི་དེ་གིས་ ད་ལྟོ་ ཟུར་བཞག་ཁང་ནང་བཞག་ཡི་ཟེར་ཨིནམ་ད་ གཞན་མི་དེ་ རྐྱང་གནས་ཁང་ནང་ ཡོད་ཟེར་ཨིན་པས།
ཁོང་༢ ཆ་ར་ ཨ་ལོ་ཆགས་ཏེ་ ཟླཝ་༡ དང་༢ ལང་ཡོདཔ་ད་ གསོ་བའི་ལྷན་ཁག་གིས་ ཨམ་སྲུ་༢ ལུ་ ཨེ་ཨེན་སི་ཞབས་ཏོག་དང་ སྨན་བཅོས་ཚུ་ མ་ཆད་པར་བྱིན་ཡོདཔ་མ་ཚད་ ཨ་ལོ་ཆགས་པའི་ཉིནམ་ལས་འགོ་བཙུགས་ཏེ་ ཨམ་སྲུ་ཚུ་ལུ་ སྨན་བཅོས་ཞབས་ཏོག་བྱིན་དོ་བཟུམ་སྦེ་ ཁོང་༢ ལུ་ཡང་ ཡོངས་རྫོགས་སྦེ་ར་ བྱིན་དོ་ཟེར་ཨིན་པས།
དེ་ཡང་ ཆབ་གསང་བརྟག་དཔྱད་འབད་ནི་ལས་ འགོ་བཟུང་སྟེ་ ཞབས་ཏོག་ཚུ་ག་ར་ བྱིན་དོ་ཡོད་པའི་ཁར་ གལ་སྲིད་ ཨ་ལོ་སྐྱེས་རུང་ ཌོག་ཊར་ག་དང་ག་གིས་ ག་ཅི་འབད་ནི་ཨིན་ན་ཚུ་ཡང་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
ད་ལྟོ་ ཚ་གྱང་དེ་ཅིག་ ལང་དགོཔ་མེད་མི་དེ་ཡང་ སྔོན་འགོག་གི་སྒྲིག་གཞི་ཚུ་ ཟླཝ་༣ གྱི་ཧེ་མ་ལས་ བཅའ་སྒྲིག་རྐྱབ་བཞག་མི་ལུ་བརྟེན་ཨིནམ་ད་ ཨ་ལོ་ཚུ་ ག་ཏེ་ལུ་ སྐྱེ་ནི་ཨིན་ན་དང་ སྐྱེས་ཞིནམ་ལས་ ག་གིས་ བདག་འཛིན་འཐབ་ནི་ཨིན་ན་ དེ་ལས་ ག་དེ་སྦེ་ལག་ལེན་འཐབ་དགོཔ་ཨིན་ནའི་ ལས་རིམ་ཚུ་ཡང་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨ་ལོ་ལུ་ ནད་འབུབ་མི་ཐོབ་ནིའི་དོན་ལུ་ ག་དེ་སྦེ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་ཨིན་ནའི་ ཅ་ཆས་ཚུ་ཡང་ སྒྲིག་གཞི་ནང་འཁོད་ཡོད་མི་ལུ་བརྟེན་ ཚ་གྱང་ལང་དགོཔ་མེད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཤི་རྐྱེན་འབྱུང་པ་ཅིན་ ཧེ་མ་ལས་ སྔོན་འགོག་གི་ ལས་རིམ་བརྩམས་ཡོད་མི་དེ་ དེ་འཕྲོ་ལས་ བསྟར་སྤྱོད་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དེ་ ཟླ་ངོ་༢ དེ་ཅིག་ ལང་དོ་ཟེར་ཨིན་པས།
དེ་ཡང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ བདའ་ཟུན་པའི་ཤུལ་ལས་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ བཅའ་སྒྲིག་རྐྱབ་ཡོདཔ་ད་ གལ་སྲིད་ ནདཔ་དེ་ གྱོངས་སོ་པ་ཅིན་ ཕུངམ་དང་ ཕུངམ་དཀྲོགས་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ཚད་ལྡན་ལག་ལེན་བྱ་རིམ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཕུངམ་དེ་ གསོ་བའི་ལས་བྱེདཔ་ཚུ་གིས་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ ཡུ་རོབ་ལས་ ནང་འདྲེན་འབད་མི་ གྱིབ་ཀྱི་ཕད་ཅུང་ནང་བཙུགས་ཏེ་ ཁ་བསྡམ་ཞིནམ་ལས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ལུ་ རྩིས་སྤྲོད་འབད་ནི་ཨིན་ཟེར་ བློན་པོ་གིས་བཤད་ཅི།
བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ནད་ཡམས་ལུ་བརྟེན་ ཤི་རྐྱེན་བྱུང་མིའི་ཕུངམ་དེ་ ག་དེ་སྦེ་ འཛིན་སྐྱོང་འཐབ་ནི་ཨིན་ན་དང་ ཕུངམ་མེ་བཏང་པའི་སྐབས་ ག་དེ་སྦེ་ འབད་དགོཔ་ཨིན་ནའི་ལམ་ལུགས་ཚུ་ གསོ་བའི་ལྷན་ཁག་གིས་ འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱི་ ལས་བྱེདཔ་ཚུ་ལུ་ སྦྱོང་བརྡར་བྱིན་ཡི་ཟེར་ཨིན་པས།
འབྲུག་ཉེན་སྒྲོལ་སྡེ་ཚོགས་ཀྱིས་ དུར་ཁྲོད་ཁར་ ཕུངམ་བསྐྱལ་ཞིནམ་ལས་ མེ་སྦྱང་འབད་འོང་ཟེར་ཨིནམ་ད་ དེ་བསྒང་ སྤུན་ཆ་དང་ གཉེན་ཉེཝ་ཚུ་གིས་ ཕུངམ་ལུ་ལགཔ་དཀྲོག་མི་ཆོག་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཨིན་རུང་ ཕུངམ་དེ་ གློག་ཐབ་ནང་སྦེ་ མེ་གཏང་ནི་ཨིན་ན་དང་ ཡང་ཅིན་ ཤིང་གུ་སྦེ་ མེ་གཏང་ནི་ཨིན་ནའི་ཐད་ཁར་ སྤུན་ཆ་ཚུ་ལུ་ རག་ལས་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ འབྲུག་ལུ་ ཀོ་རོ་ན་བའེ་རཱསི་ ནད་འབུབ་ལུ་བརྟེན་པའི་ཤི་རྐྱེན་ རྩ་ལས་ར་ འབྱུང་མི་བཅུག་ནིའི་དོན་ལུ་ ཉིན་བསྟར་བཞིན་དུ་ གསོ་བའི་ལྷན་ཁག་གིས་ ནད་འབུབ་ཐོབ་མི་ཚུ་ལུ་ ཞབས་ཏོག་གང་དྲག་བྱིན་ཏེ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༡ ལུ་ འབྲུག་པའི་བུམོ་ཅིག་ ཌུ་བའེ་ལུ་ ཤི་རྐྱེན་བྱུང་མི་དེ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ ནད་འབུབ་ཐོབ་སྟེ་ ཤི་རྐྱེན་བྱུང་བྱུངམ་མེན་པས་ཟེར་ སླབ་ཨིན་པས།
བློན་པོ་གིས་ བཤད་མི་དང་འཁྲིལཝ་ད་ ཚེ་འདས་བུམོ་དེ་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༠ དེ་ཅིག་ལུ་ ཁྲོམ་སྡེའི་སྨན་ཁང་ནང་སྦེ་ གྱོངས་སོ་མི་དེ་ཡང་ ཆུང་ཀུ་བསྒང་ལས་ར་ དོན་ཧིང་གི་ ནད་གཞི་ཐོབ་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
དོན་ཧིང་གི་ ནད་གཞི་ཡོད་མི་ཚུ་ དུས་ཚོད་ཁར་ ཁྲག་བརྟག་དཔྱད་འབད་ནི་དང་ སྨན་བཟའ་མ་ཚུགས་པ་ཅིན་ ཉེན་ཁ་ཡོད་ཟེར་ཨིནམ་ད་ མོ་ར་ ཤུགས་སྦེ་ན་སྟེ་ སྨན་ཁང་ནང་ སྨན་བཅོས་འབད་བར་འགྱོ་བའི་སྐབས་ གྱོངས་སོ་ནུག་ཟེར་ བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *