སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ།

ནད་ཡམས་ཀོ་བིཌ་-༡༩ གིས་ ཐོ་ཕོག་མི་ན་གཞོན་ཚུ་ལུ་ རང་གི་གནས་སྟངས་ཚུ་ ཧ་གོ་ནིའི་སྦྱོང་བརྡར།

༉ ནད་ཡམས་ཀྱིས་འབྱེམ་ཕོག་སྟེ་ ལཱ་གཡོག་མེད་པར་ལུས་མི་དང་ དབུས་ཤར་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་སོང་སྟེ་ ལོག་ལྷོད་མི་ཚུ་གིས་ ཚོང་ལཱ་ཚུ་ འགོ་བཙུགས་ནིའི་དོན་ལུ་ སེམས་ཀྱི་གྲ་སྒྲིག་དང་ ད་ལྟོ་ ཁོང་གི་གནས་སྟངས་ཚུ་ ག་དེ་ སྦེ་ཡོདཔ་ཨིན་ན་ ཤེས་ཚུགས་ནིའི་དོན་ལུ་ ཚ་ལུང་ནང་ལུ་ཡོད་མི་ འབྲུག་ཞི་སྡེ་གཙུག་སྡེ་ནང་སྦེ་ བདུན་ཕྲག་༢ འབད་མི་ ལས་རིམ་དེ་ ཁ་ཙ་ལས་ འགོ་བཙུགས་ཡི།

ལས་རིམ་དེ་ཡང་ ན་གཞོན་ཚུ་ལུ་དམིགས་ཏེ་ ན་གཞོན་གོང་འཕེལ་མ་དངུལ་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ གྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འབད་མིའི་ནང་ མང་ཤོས་ར་ ནད་ཡམས་ཀྱིས་ཐོ་ཕོག་སྟེ་ ལཱ་གཡོག་མེད་པར་ལུས་མི་ཚུ་ ཡོདཔ་ཨིན་པས།

ལས་རིམ་དེ་གིས་ གཙོ་བོ་ར་ རང་གིས་རང་གི་དོན་ལུ་ གོ་སྐབས་འཚོལ་ནི་དང་ དོན་སྨིན་ཅན་གྱི་ཕྱོགས་ལུ་ ལམ་འཚོལ་ནི་ དེ་ལས་ རང་གི་མི་ཚེའི་ཁེ་ཕན་ལེན་ཏེ་ གོ་སྐབས་འཚོལ་ནིའི་དོན་ལུ་དམིགས་ཏེ་ སེམས་ཤུགས་བསྐྱེད་བཅུག་ནིའི་དམིགས་ ཡུལ་ཨིན་ཟེར་ གཙུག་སྡེའི་འཛིན་སྐྱོང་པ་དང་ བསླབ་སྟོན་པ་ བསྟན་འཛིན་གྱིས་བཤད་ཅི།

ཁོ་གིས་སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ རང་གི་མི་ཚེ་ནང་ རང་གིས་ འགན་ཁུར་འབག་ཤེསཔ་བཟོ་ནིའི་དོན་ལུ་ཡང་ ཨིན་ཟེར་བཤད་ཡོདཔ་ད་ བདུན་ཕྲུག་མཇུག་ཚུ་ནང་ རི་བཤལ་འགྱོ་ནིའི་ ལས་རིམ་ཡོདཔ་ཨིན་པས།

ན་གཞོན་གོང་འཕེལ་ལས་རིམ་གྱི་ བཀོད་ཁྱབ་མདོ་ཆེན་ རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ ལས་རིམ་དེ་གིས་ བཅའ་མར་ གཏོགས་མི་ཚུ་གིས་ ད་ལས་ཕར་ ཚོང་ལཱ་འགོ་བཙུགས་འདོད་ཡོད་མི་ཚུ་གིས་ གྲ་སྒྲིག་འབད་ནིའི་དོན་ལུ་དང་ ད་ལྟོ་ གྲལ་ གཏོགས་འབད་མི་ཚུ་གིས་ ག་ཅི་འབད་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་སྲིད་རུང་ ལས་རིམ་དེ་ནང་ལས་ མདུན་ལམ་ཚུ་མཐོང་ཚུགས་ཏེ་ མི་སྡེ་ནང་ མཉམ་སྡེབ་འབད་ཚུགས་ཟེར་ཨིན་པས།

བདུན་ཕྲག་༢ ཀྱི་ཤུལ་ལས་ ཚོང་ལཱ་གི་ གྲོས་འཆར་ལེགས་ཤོམ་ཡོད་མི་ཚུ་ བལྟ་བའི་ཤུལ་ལས་ དངུལ་འབྲེལ་གྱི་ གྲོགས་ རམ་འབད་མི་ཚུ་དང་ འབྲེལ་བ་འཐབ་བཅུག་འོང་ཟེར་ཨིནམ་ད་ མོ་གིས་སླབ་མིའི་ནང་ ད་ཚུན་ ཁོང་གིས་ གདམ་འཐུ་འབད་ མི་ཚུ་ལུ་ མ་དངུལ་གྱི་ གྲོགས་རམ་འབད་མི་ཚུ་གིས་ བློ་གཏད་ཚུགས་ཏེ་ཡོདཔ་ལས་ ད་ལས་ཕར་འབད་རུང་ བློ་གཏད་ཚུགས་མི་ཚུ་ གཏང་ནི་ཨིན་ཟེར་བཤད་ཅི།

འཛམ་གླིང་སྤྱི་ཚོགས་ཀྱི་ གནས་བཞུགས་ངོ་ཚབ་ ཨ་ཟུ་ས་ ཀུ་བོ་ཊ་གིས་ སླབ་མིའི་ནང་ ནད་ཡམས་ཀྱིས་ མི་ག་ར་ལུ་ དཀའ་སྡུག་བྱིན་ཡོད་པའི་ཁར་ ག་རའི་མི་ཚེ་དེ་ ཚོད་དཔག་འབད་མ་ཚུགས་པའི་ གནས་སྟངས་ནང་བཙུགས་ཡོད་རུང་ རང་གིས་ ལཱ་འབད་ཚུགས་པའི་གོ་སྐབས་ཡང་ ནད་ཡམས་ཀྱིས་ བཟོ་བྱིན་ཏེ་ཡོད་ཟེར་བཤད་ཅི།

དེ་གིས་ དམིགས་བསལ་དུ་ སློབ་གྲྭ་ནང་ལས་ཐོན་སྡོད་མི་ ན་གཞོན་ཚུ་ལུ་ ཤུགས་སྦེ་ར་ ཐོ་ཕོག་སྟེ་ཡོད་ཟེར་ མོ་གིས་བཤད་ ཡོདཔ་ད་ མོ་གིས་ བཅའ་མར་གཏོགས་མི་ཚུ་གིས་ ལས་རིམ་དེ་ རྫོགས་པའི་ཤུལ་ལས་ ན་གཞོན་ཚུ་གིས་ འོང་འབབ་བཟོ་ ཚུགས་པའི་ གོ་སྐབས་བཟོ་ཐབས་ལུ་ ཚོང་འབྲེལ་གྱི་གྲོས་འཆར་ཚུ་ བཙུགས་ནི་དེ་ ཁག་ཆེ་ཟེར་བཤད་ཅི།

ཚོང་ལཱ་འགོ་བཙུགསཔ་ད་ འགོ་དང་པ་ ལཱ་ཁག་འོངམ་ཨིན་རུང་ གོ་སྐབས་ལེན་ཏེ་ གདོང་ལེན་འབད་དགོ་ཟེར་ མོ་གིས་ བཤད་ཅི།

བློ་ལྡན་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ཕུན་ཚོགས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ལས་རིམ་དེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ ལས་རིམ་གྱིས་ འགོ་འདྲེན་ཐོག་ལས་ བློ་ལྡན་གཞི་ཚོགས་དང་ན་གཞོན་གོང་ འཕེལ་ལས་རིམ་དང་ ཨམ་སྲུའི་ལྕོགས་གྲུབ་དང་ཡར་བསྐྱེད་ལས་སྡེ་༣ གྱིས་ མཉམ་འབྲེལ་ཐོག་ལས་འབད་དོ་ཡོདཔ་ད་ ལས་སྡེ་གིས་ གཞན་ན་གཞོན་སྡེ་ཚན་ཅིག་ལུ་ཡང་ ཁ་ཟས་བཟོ་ནི་དང་ ཚེམ་ལཱ་ནང་ སྦྱོང་བརྡར་ཚུ་ བྱིན་དོ་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ད་ལྟོ་ ལས་རིམ་ནང་ཡོད་མི་ཚུ་གིས་ ཚོང་ལཱ་འགོ་བཙུགས་ནིའི་ རེ་བ་ཡོད་པ་ཅིན་ དེ་གི་དོན་ལུ་ ལོགས་སུ་སྦེ་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ཏེ་ ཚོང་གི་གྲོས་འཆར་ཚུ་ བཙུགས་དགོ་ཟེར་ཨིནམ་ད་ ཁོང་གི་ལས་སྡེ་གིས་ མི་ངོམ་ཚུ་གིས་ ནད་ཡམས་ཀྱི་གདོང་ལེན་འབད་དེ་ གཡོག་གི་གོ་སྐབས་བཟོ་ཚུགས་པའི་ འོས་འབབ་ཡོད་མི་ འཆར་གཞི་ཡོད་པ་ཅིན་ ལས་སྡེ་གིས་ སྐྱིན་འགྲུལ་དང་གྲོགས་རམ་ཚུ་ བྱིན་འོང་ཟེར་ཨིན་པས།

མ་དངུལ་དེ་ཡང་ བློ་ལྡན་གཞི་ཚོགས་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ མཉམ་འབྲེལ་ཐོག་ལས་ མ་དངུལ་ བཙུགས་ཏེ་ཡོདཔ་ད་ ཚོང་གི་འཆར་གཞི་ལེགས་ཤོམ་ཡོད་པ་ཅིན་ ན་གཞོན་གོང་འཕེལ་ལས་རིམ་དང་ ཨམ་སྲུའི་ལྕོགས་གྲུབ་དང་ཡར་སྐྱེད་ལས་སྡེ་ལུ་ མི་༦ དེ་ཅིག་ལུ་ རྒྱབ་སྐྱོར་འབད་ཚུགས་ཟེར་ཨིན་པས།

བློ་ལྡན་གཞི་ཚོགས་ཀྱིས་ ཚོང་འབྲེལ་དོན་ལུ་ མཐོ་ཤོས་དངུལ་ཀྲམ་ས་ཡ་༡.༥ བཞག་སྟེ་ཡོད་ཟེར་ཨིནམ་ད་ མ་དངུལ་དེ་ཡང་ གནང་བྱིན་དང་སྐྱིན་འགྲུལ་ཐོག་ལས་ གནས་སྟངས་བལྟ་སྟེ་ བྱིན་འོང་ཟེར་ཨིན་པས།

མི་སྡེ་ནང་ ཕན་པ་མང་སུ་ཡོད་པ་ཅིན་ གནང་བྱིན་དེ་ཡང་ མང་སུ་སྦེ་འགྱོ་འོང་ཟེར་ ཁོ་གིས་བཤད་ཡོདཔ་ད་ ལྷག་ལུས་དེ་ སྐྱེད་ཀྱི་ཐོག་ལས་ སྤྲོད་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *