ནད་ཡམས་ཀོ་བིཌ་-༡༩ གི་སྐབས་ ཏམ་ཁུ་ཚུ་ ཁྲལ་ཡངས་ཚོང་ཁང་ལས་འཐོབ་ནི།

༉ ད་རེས་ནད་ཡམས་ཀྱི་སྐབས་ རྒྱལ་ཁབ་ནང་ ཁྲལ་ཡངས་ཚོང་ཁང་གིས་ ཏམ་ཁུ་བཙོང་ནི་ཨིནམ་བཞིན་དུ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་རྩིས་པའི་ས་ཁོངས་དག་པ་ཅིག་ནང་ ཏམ་ཁུ་བཙོང་སའི་ས་ཁོངས་ གཞི་བཙུགས་འབད་ནི་ཨིན་པས།
དེ་ཡང་ ཁ་ཙ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་དང་གཅིག་ཁར་ ནད་ཡམས་ཀོ་བིཌ་-༡༩ འི་སྐོར་ལས་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ འབྲུག་གི་ ཏམ་ཁུའི་བཅའ་ཁྲིམས་དང་འཁྲིལཝ་ད་ འབྲུག་ལུ་ ཏམ་ཁུའི་ཚོང་འབྲེལ་དེ་ བཀག་ཆ་འབད་ཡོདཔ་མ་གཏོགས་ ཏམ་ཁུ་ནང་འདྲེན་ཐད་ཁར་ བཀག་ཆ་འབད་འབདཝ་མེད་ཟེར་ཨིནམ་ད་ ད་རེས་ ཁྲལ་ཡངས་ཚོང་ཁང་གིས་ ཏམ་ཁུ་བཙོང་མི་དེ་གིས་ ནག་ཚོང་འཐབ་མི་ཚུ་ བཀག་ཚུགས་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ བཅའ་ཡིག་དང་འཁྲིལཝ་ད་ མི་རེ་གིས་ རང་དོན་སྤྱོད་ནིའི་དོན་ལུ་ ཅ་དམ་གྱི་ཁྲལ་ཚུ་སྤྲོད་དེ་ ཚད་ལྡན་ཏམ་ཁུ་ཚུ་ ནང་འདྲེན་འཐབ་ཆོགཔ་ད་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ གིས་ མི་ག་ཡང་ རྒྱལ་ཁབ་ཀྱི་ ས་མཚམས་བརྒལ་ཏེ་ འགྱོ་མ་ཆོག་མི་ལུ་བརྟེན་ བཙོང་ནིའི་ལམ་ལུགས་ འགོ་བཙུགསཔ་ཨིན་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ ཕྱི་རྒྱལ་ལས་ འོང་མི་ཚུ་གིས་འབད་བ་ཅིན་ ཉིན་གྲངས་༢༡ གི་རིང་ ཁོང་རང་གིས་འབག་འོང་མི་ ཏམ་ཁུ་ཚུ་ འཐུང་ནི་ཐོབ་རུང་ འབྲུག་མི་ཏམ་ཁུ་འཐུང་མི་ གཞན་ཚུ་ ཏམ་ཁུ་ཐོབ་ས་ ག་ཏེ་ལས་ཡང་ མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ གནས་སྟངས་དེ་ ཏམ་ཁུ་ཡུན་རིངམོ་སྦེ་ འཐུང་མི་ཚུ་གི་ བྱ་སྤྱོད་བསྒྱུར་བཅོས་འབད་ནིའི་ དུས་ཚོད་ལེགས་ཤོམ་ཅིག་ཡང་ མེན་པས་ཟེར་ཨིནམ་ད་ དེ་འབད་ནི་འདི་གིས་ གཞུང་གིས་ གཞུང་འབྲེལ་ཐོག་ལས་ ཁྲལ་ཡངས་ཚོང་ཁང་གིས་ ཁྲིམས་མཐུན་ཏམ་ཁུ་བཙོང་མི་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁྲལ་ཡངས་ཚོང་ཁང་ལས་ ཏམ་ཁུ་ཉོ་བའི་སྐབས་ མི་གཅིག་གིས་ རང་གི་དོན་ལུ་ རང་གི་ཡིག་ཆ་ཚུ་ ལག་ལེན་འཐབ་སྟེ་ ཉོ་ནི་མ་གཏོགས་ གཞན་གྱི་ཡིག་ཆ་ཚུ་ཡང་ བསྡུ་འབག་འོང་སྟེ་ ལེ་ཤ་སྦེ་ ཉོ་མི་ཆོག་ཟེར་ཨིནམ་ད་ ཁྲལ་བརྒྱ་ཆ་ལས་༡༠༠ སྤྲོད་དགོ་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ཏམ་ཁུ་བཙོང་སའི་ས་ཁོངས་༧ དང་༩ གྱི་བར་ན་ འགོ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་བསྒང་ལས་ ད་ལྟོ་བཟུམ་སྦེ་ ཉེན་ཁ་འབག་སྟེ་ ཏམ་ཁུ་ནག་ཚོང་འཐབ་མི་ མི་འཐོན་ནི་དང་ འཐུང་མི་ཚུ་གིས་འབད་རུང་ ཚུལ་མཐུན་ཐོག་ལས་ ཁྲལ་བཏབ་སྟེ་ འཐུང་ཚུགས་ཟེར་ཨིན་པས།
དེ་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ སྤྱི་ཚོགས་ཀྱིས་སྦེ་ ཏམ་ཁུའི་བཅའ་ཁྲིམས་བརྩམས་ཏེ་ ཆ་འཇོག་གནང་ཡོདཔ་ཨིན་རུང་ ད་རེས་ ལོག་སྟེ་ར་ ཏམ་ཁུ་བཙོང་ནི་ འགོ་བཙུགས་མི་ལུ་ལྟཝ་ད་ སྤྱི་ཚོགས་ཀྱིས་ར་ བཅའ་ཁྲིམས་ཆ་མེད་བཏང་དོ་བཟུམ་སྦེ་ མི་མཐོང་ག་ཟེར་ ཞུ་བའི་སྐབས་ བློན་ཆེན་གྱིས་ ད་རེས་ འདི་བཟུམ་མའི་ལམ་ལུགས་ འགོ་བཙུགས་ཚུགས་མི་དེ་ ཧེ་མ་ལས་ར་ བཅའ་ཁྲིམས་ཅིག་ ཡོད་ནི་དེ་གིས་ཨིན་ཟེར་ གསུངས་ཡི།
ག་དེམ་ཅིག་སྦེ་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་དགོ་པའི་སྐོར་ལས་ སྤྱི་ཚོགས་ལུ་ གྲོས་འབུལ་བཙུགས་ཚུགས་པ་ཅིན་ ལེགས་ཤོམ་འགྱོ་ནི་མས་ཟེར་ཨིནམ་ད་ ད་ལྟོ་བཏོན་མི་ཐབས་ལམ་དེ་ ནད་ཡམས་ཀྱི་སྐབས་ལུ་ གནས་སྐབས་ཀྱི་ ཐབས་ལམ་ཅིག་ཨིན་ཟེར་བའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *