ནད་འབུབ་འཐོབ་ནི་གི་ ཚ་གྱང་མེན་པར་ བཟའ་འཐུང་ཚུ་ལུ་ གདམ་ཁ་རྐྱབ་པའི་གསལ་སྟོན།

༉ ཁ་ཙ་ ཐིམ་ཕུག་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ ཨ་རྟག་དང་མ་འདྲ་བའི་ འུར་བྱེལ་འཐབ་སར་ མཐོང་གསལ་བྱུང་མི་དེ་ཡང་ མི་ཚུ་ ཚོད་བསྲེའི་རིགས་དང་ ཉེར་མཁོའི་ཅ་ཆས་ལ་སོགས་པ་ ཆད་ནི་མས་ཟེར་ སྤྱགས་སྡུག་འཐབ་སྟེ་ ཉོ་ཚོང་རྐྱབ་པར་འོང་ནུག།
ང་བཅས་ཀྱི་མི་ཚུ་ སྟབས་ངན་ ཡང་ཅིན་ བྱུང་རྐྱེན་ཅིག་བྱུངམ་ད་ འདྲོག་བྱེལ་དང་ སྤྱགས་སྡུག་འཐབ་སྟེ་ གཉེར་ཚང་ཚུ་ བསག་བཞག་ནི་ཚུ་ རང་བཞིན་གྱི་ མནོ་ལུགས་ཅིག་ལུ་ གྱུར་ཡོད་མི་དེ་ ཁ་ཙ་ ཚོད་བསྲེ་ཁྲོམ་ཁར་ ག་ཐོབ་སྦེ་ ཉོ་ཚོང་རྐྱབ་མི་ལས་ གསལ་སྟོན་འབདཝ་མས།
དེ་བཟུམ་སྦེ་ ཕུན་ཚོགས་གླིང་ལུ་ བཀྲིས་ཚོང་འབྲེལ་ཁང་དང་ གཟིམ་སྒྲ་ཚོང་ཁང་ཚུ་ནང་ ཆུམ་ལ་སོགས་པའི་ བཟའ་འཐུང་གི་རིགས་ཉོ་མི་ མང་རབས་ཅིག་ སྤུངས་འཛོམས་འབད་ཡོདཔ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ COVID-19 ནད་འབུབ་ལས་ སྔོན་འགོག་གི་དོན་ལུ་ རང་དང་གཞན་གྱི་བར་ན་ འདོམ་གང་དེ་ཅིག་ ས་སྟོང་བཞག་དགོ་ཟེར་ བསླབ་བྱ་བྱིན་མི་ལས་ འགལ་སོ་ནུག།
ཚོང་འབྲེལ་ཁང་དེ་གཉིས་ཀྱིས་ བཟའ་སྤྱོད་ཀྱི་རིགས་ མངར་ཟས་ཀེག་བཟུམ་སྦེ་ བཙོང་ཡོདཔ་ལས་ ཡུདཔ་ཐེངས་ཅིག་ནང་ ཆུམ་རྫོགས་སོ་ནུག།
མ་གཞི་ གཞུང་གིས་ ནད་ཡམས་ཀོ་རོ་ན་བའེ་རཱསི་གི་ གནོད་ཉེན་ལུ་བརྟེན་ ཚོད་བསྲེའི་རིགས་ ནང་འདྲེན་འབད་ནི་ བཀག་དམ་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ ས་མཚམས་བདའ་སྟེ་ཡོད་མི་ འཛུལ་སྒོ་ཆ་མཉམ་ སྒོ་བསྡམས་པའི་ཁར་ སྤྱི་ཟླ་༣ པའི་ཚེས་༢༤ གི་ ནུབ་ཕྱེད་ལས་ རྒྱ་གར་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ སྒོ་བསྡམས་མི་ལུ་བརྟེན་ འབྲུག་མི་ཚུ་ལུ་ ཚ་གྱང་ལང་དགོ་པའི་ འོས་ཁུངས་སྦོམ་ཡོད་རུང་ ད་ལྟོ་ བཀག་དམ་འབད་མི་དེ་ གནས་སྐབས་ཅིག་གི་དོན་ལུ་ཨིནམ་ལས་ སྤྱགས་སྡུག་འཐབ་དགོཔ་ཅིག་མིན་འདུག།
རྒྱལ་ཁབ་ནང་ ནད་འབུབ་ཐོབ་མི་དང་པ་ བདའ་ཟུན་ཞིནམ་ལས་ཚུར་ གཞུང་གིས་ བཟའ་སྤྱོད་ཀྱི་རིགས་ ཟླཝ་དག་པ་ཅིག་ ལང་ཚུགསཔ་སྦེ་ མཁོ་སྒྲུབ་འབད་དེ་ཡོདཔ་ལས་ མི་ཚུ་ ཚང་གྱང་མ་ལང་ཟེར་ དྲན་གསལ་གནང་བཞིན་དུ་ཡོད་རུང་ མི་ཚུ་གིས་ ཉེར་མཁོའི་ཅ་ཆས་ཚུ་ ག་དེ་མང་མང་ ཉོ་ཐོག་ལས་ བསག་བཞག་ནི་གི་ སེམས་ཤུགས་བསྐྱེད་མི་ལུ་བལྟ་བ་ཅིན་ གཞུང་གི་བཀའ་རྒྱ་དེ་ རྡོ་གུ་ཆུ་བླུགས་དོ་བཟུམ་ འགྱོ་དོ་ཡོད་པའི་ མཐོང་སྣང་བྱུངམ་མས།
གཞུང་གིས་འབད་བ་ཅིན་ ས་མཚམས་ཚུ་ སྒོ་བསྡམས་ཡོད་རུང་ བཟའ་འཐུང་གི་རིགས་ ཨ་རྟག་བཟུམ་སྦེ་ར་ ས་མཚམས་ཀྱི་ ཕྱི་ཁ་ལས་ ནང་འདྲེན་འབད་ཚུགས་པའི་ ཐབས་ལམ་སྒྲིག་སྟེ་ཡོདཔ་ལས་ རྒྱལ་ཁབ་སྒོ་བསྡམ་དགོཔ་བྱུང་རུང་ བཟའ་འཐུང་ཚུ་ མ་ལང་ལངམ་སྦེ་ར་ བསགས་བཞག་ཡོད་ཟེར་ཨིན་མས།
དེ་གི་ནང་དོན་ཉིད་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་དང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་གཟིགས་ཏེ་ ས་མཚམས་ཁྲོམ་སྡེ་ ཕུན་ཚོགས་གླིང་དང་ བསམ་རྩེ་ལུ་ དུས་དང་དུས་སུ་ ཆིབས་སྐྱོད་གནང་མི་དེ་ཡང་ བཟའ་འཐུང་གི་རིགས་ ཐོགས་ཆགས་མེད་པར་ རྒྱལ་ཁབ་ནང་ བཀྲམ་སྤེལ་འབད་ཚུགསཔ་ ངེས་བརྟན་བཟོ་ཐབས་ལུ་ཨིན་མས།
ད་ལྟོ་ ནད་ཡམསཀོ་རོ་ན་བའེ་རཱསི་ལུ་བརྟེན་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་བཟུམ་སྦེ་ ང་བཅས་རའི་ རྒྱལ་ཁབ་འདི་ གནས་སྟངས་ལཱ་ཁག་ཅིག་ནང་ ལྷོད་དེ་ཡོད་རུང་ འབྲུག་མངའ་བདག་རྒྱལ་པོ་དང་ གཞུང་གི་ཁ་ཐུག་ལས་ ནད་འབུབ་ཁྱབ་སྤེལ་བཀག་ཐབས་ལུ་ གདོང་ལེན་གང་དྲག་མཛད་པའི་ ནམ་དུས་ལུ་ མི་སེར་ཚུ་གིས་ཡང་ བཟའ་འཐུང་ཆད་ནི་རྐྱངམ་གཅིག་ལུ་ ཚ་གྱང་ལང་སྡོད་ནི་མེན་པར་ བདག་གཞན་གཉིས་ཆ་ར་ལུ་ འབུ་ཉེན་ཡོད་མི་ ནད་གཞི་ལུ་ ཚ་གྱང་ཐེབས་འབག་ཐོག་ལས་ སྔོན་འགོག་གི་ བརྩོན་ཤུགས་ཚུ་ལུ་ སྡོང་གྲོགས་འབད་དགོཔ་དེ་ ག་ནི་བ་གལ་ཆེ།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *