ནད་འབུབ་མེད་པར་ མིའི་བྱ་སྤྱོད་ཁག་ཆེ་ནི།

༉ འགྲོ་བ་མིའི་རྒྱལ་རབས་ནང་ དམག་འཁྲུག་དང་ རང་བཞིན་གྱི་རྐྱེན་ངན་ མུ་གེ་ ནད་ཡམས་ལ་སོགས་པའི་ རྐྱེན་ངན་མང་རབས་ཅིག་ བྱུང་ཡོདཔ་བཞིན་དུ་ དེ་ཚུ་གིས་ འགྲོ་བ་མི་ལུ་ གནོད་སྐྱོན་དང་ ཉེན་ཁ་ དཀའ་སྡུག་ཚུ་ ག་དེ་སྦེ་ བྱིན་ཡོདཔ་ཨིན་ན་ མང་ཤོས་ཀྱིས་ར་ སེམས་ཁར་དྲནམ་ཨིན་མས།

དེ་འབདཝ་ད་ སྟབས་ངན་དང་ རྐྱེན་ངན་བྱུང་མི་ཚུ་ གཙོ་བོ་ར་ ཀྲོབ་མདའ་དང་ རྫས་བམ་ལག་ལེན་ ནད་འབུབ་དང་ ཕྲ་འབུབ་ ཡང་ཅིན་ ཆརཔ་དང་སེརཝ་ ས་ཡོམ་ཚུ་གི་ འཇིགས་པ་ལུ་བརྟེན་མེན་པར་ མི་དང་ མནོ་ལུགས་ བརྩི་མཐོང་ བྱ་སྤྱོད་ཚུ་ལུ་བརྟེན་ཨིནམ་ ང་བཅས་ཀྱིས་ རྗེས་སུ་མི་དྲན་ནི་མེན་པར་ བརྗེདཔ་ཨིན་མས།

དེ་ཡང་ ང་བཅས་ཀྱིས་ དབང་གནོན་འབད་མི་དང་ དབང་གནོན་འབད་འབདཝ་ སྡུག་བསྔལ་མྱོང་བཅུག་མི་དང་ཉམས་རྒུདཔ་ གྲོས་ཐག་བཅད་མི་དང་ ཁེ་ཕན་སྤྱོད་མི་ ཁེ་གྱོང་ཅན་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་ཨིན།

ད་རེས་ནངས་པར་ འགྲོ་བ་མི་ལུ་ གདོང་ལེན་སྦོམ་ཤོས་ར་ གནམ་གཤིས་འགྱུར་བགྲོད་ཀྱི་ དཀའ་ངལ་བྱུང་མི་དེ་ མིའི་འདོད་པ་ལུ་བརྟེན་ཨིནམ་ད་ ནད་ཡམས་ཀོ་རོ་ན་བའེ་རཱསི་དེ་ མིའི་བྱ་སྤྱོད་དང་འབྲེལ་བ་ ཐད་ཀར་དུ་ཡོད་མི་དེ་ཡང་ དབང་ཚད་ཁར་ཡོད་མི་དང་ གཞུང་སྐྱོང་གི་ དབུ་ཁྲིད་ཚུ་གི་ གྲོས་ཆོད་ཚུ་ལུ་བརྟེན་ གནོད་ཉེན་བྱུངམ་ཨིན་མས།

རྒྱལ་ཁབ་ལ་ལོ་ཅིག་ནང་ གནས་སྟངས་ལེགས་ཤོམ་སྦེ་ ཧ་གོ་མི་དང་ ཕན་རླབས་ཆེ་བའི་ གྲོས་ཐག་བཅད་མི་ དབུ་ཁྲིད་ཚུ་གིས་ COVID-19 ནད་འབུབ་ལས་ གནོད་པ་དང་ དཀའ་སྡུག་ག་དེ་ཉུང་ཉུང་ བཟོ་དོ་ཡོད་རུང་ སྲིད་དོན་དང་ སྒེར་གྱི་དམིགས་དོན་དང་ མཐའ་དོན་ཚུ་ལུ་ གཙོ་བོར་བཏོན་མི་ དབང་ཚད་འཕྱོག་བཟུང་འབད་མི་ཚུ་གིས་ མིའི་ཚེ་སྲོག་ཚུ་ལུ་ བར་ཆད་རྐྱབ་པའི་ སྲིད་བྱུས་ཚུ་བརྩམ་པའི་ མཐོང་སྣང་ཡང་ བྱུངམ་ཨིན་མས།

འདི་བཟུམ་མའི་ གནས་སྟངས་ཚུ་ལུ་བལྟཝ་ད་ སེམས་ཕམ་བྱུངམ་ཨིན་རུང་ འབྲུག་རྒྱལ་ཁབ་ཀྱིས འཇིགས་སྣང་ཅན་གྱི་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་ གདོང་ལེན་འབད་སར་མཐོངམ་ད་ ང་བཅས་ག་ར་ དཔའ་ཉམས་བསྐྱེད་དགོཔ་བྱུངམ་མས།

དེ་ཡང་ རིམས་ནད་དེ་ ང་བཅས་རའི་ མི་སྡེ་ནང་ འབུ་མི་བཅུག་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ དབུ་ཁྲིད་དམ་པ་ལས་འགོ་བཟུང་ མཁྱེན་རྒྱ་ཆེ་བའི་ འཆར་གཞི་དང་ གྲོས་ཆོད་དམ་སྒྲིང་ དེ་ལས་ འགྱུར་ལྡོད་མེད་པའི་ འབད་རྩོལ་བསྐྱེད་གནང་མི་གུ་ གཞུང་སྐྱོང་དང་ མི་སེར་མང་ཤོས་ཅིག་ལས་ མཉམ་འབྲེལ་དང་ ངོས་ལེན་འབད་མི་ལུ་བརྟེན་ ད་ཚུན་གྱི་བར་ན་ ཐབས་དང་གནས་སྐབས་ཚུ་ འཆར་གཞི་ལྟར་དུ་འགྱོཝ་ཨིན་པས།

ཨིན་རུང་ ང་བཅས་སེམས་བག་གཡེང་ཐོག་ སྡོད་པ་ཅིན་ ནད་ཡམས་དང་འབྲེལ་བའི་ དཀའ་ངལ་དེ་ ཚབས་ཆེན་ཅིག་ལུ་ འགྱུར་ཉེན་ཡོདཔ་ལས་ མི་མང་ལུ་ གོ་བརྡ་སྤྲོད་ནི་དང་ བསླབ་སྟོན་བྱིན་ནི་ཚུ་ལུ་ འཕྲོ་མཐུད་དེ་ར་ ཤུགས་བཏོན་དགོཔ་འདུག།

གནས་སྟངས་སྐྱོ་དྲགས་བཟོ་ནིའི་ ཉེན་ཁ་དེ་ ཉན་ཁུག་དང་ མཉམ་འབྲེལ་འབད་མ་བཏུབ་མི་ དབང་ནུས་ཅན་གྱི་ མི་རེ་གཉིས་ལས་ འབྱུང་ཉེན་ཡོད་མི་དེ་ཡང་ འདི་བཟུམ་མའི་ མི་ཚུ་གིས་ མི་མང་གི་ཉེན་སྲུང་ལུ་ མནོ་བསམ་མ་བཏང་པར་ རང་གི་མཐའ་དོན་རྐྱངམ་གཅིག་ལུ་ བརྩོནམ་ཨིན་མས།

ང་བཅས་ག་ར་གིས་ ཕན་རླབས་ཆེ་བའི་ གྲོས་ཆོད་ཚུ་ལུ་ བརྩི་མཐོང་བསྐྱེད་དགོཔ་མ་ཚད་ ཉེན་སྲུང་གི་དོན་ལུ་ བསླབ་བྱ་དང་ སྒྲིག་གཞི་ཚུ་ལུ་ གནས་དགོཔ་དེ་ ག་ནི་བ་གལ་ཆེ།

དེ་འབདཝ་ལས་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་རིག་རྣམ་པར་བཀྲ་བའི་ བཀའ་སློབ་དང་ ལམ་སྟོན་བཟང་པོ་ཐོག་ གཞུང་གིས་ བསླབ་སྟོན་དང་ བཀའ་རྒྱ་གནང་མི་ཚུ་ལུ་ དྲན་ཤེས་བཏོན་ཏེ་ དང་ལེན་འབད་བ་ཅིན་ ནད་ཡམས་གདུག་ཅན་དེ་ རྩ་མེད་གཏང་ཚུགས།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *