ནད་གཞི་ཨེཆི་ཨའེ་བི་/ཨེཌསི་ཚད་འཛིན་འབད་ནི་ལུ་ མཉམ་འབྲེལ་འབད་དགོཔ།

༉ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ནང་ སྤྱི་ལོ་༩༠ གོ་གྲངས་ཀྱི་ སྔ་ཆ་ལས་ ཧེ་མ་བྱུང་མ་མྱོང་བའི་ནད་གཞི་ ཨེཆི་ཨའེ་བི་/ཨེཌསི་ ངོས་འཛིན་བྱུང་བའི་སྐབས་ལུ་ མི་སྡེའི་ནང་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་སྟེ་ ལ་ལུ་ཅིག་ འདྲོག་འཇིགས་འཐབ་པའི་ཁར་ ལ་ལོ་ཅིག་གིས་ ཐ་ན་ སྤུན་ཆ་ནང་དོག་ཡང་ ཉེ་རིང་ཕྱེ་ནི་ཚུ་ འགོ་བཙུགས་ཅི་ཟེར་ཞུ་ནི།
གཅིག་ལས་བལྟ་བ་ཅིན་ དེ་བསྒང་ ཨེཆི་ཨའེ་བི་/ཨེཌསི་ནད་གཞི་ ཐོབ་མིའི་གྱངས་ཁ་ གངམ་མེད་པའི་ཁར་ གཞུང་གིས་འབད་རུང་ ནད་གཞི་ཐོབ་མི་ཚུ་ མི་མང་ལུ་ གསལ་སྟོན་མ་འབད་བར་ གསང་བཞག་ནི་དེ་གིས་ ཨིན་མས་ཟེར་ཞུ་ནི།
དེ་མ་ཚད་ རྒྱང་བསྒྲགས་དང་ རྒྱང་མཐོང་ཚུ་ནང་ ཨེཆི་ཨའེ་བི་/ཨེཌསི་ནད་གཞི་གི་སྐོར་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་འབདཝ་ད་ དཔེ་འབད་བ་ཅིན་ བཅོ་ཐབས་མེད་པའི་ནད་གཞི་ཨེཌསི་ཟེར་མི་ ཚིག་བཅད་ཚུ་ ཞབས་ཁྲའི་གདངས་སྦེ་ འཐེན་མི་ལུ་བརྟེན་ མི་མང་གི་སྣང་བ་ལུ་ ལྷག་པར་དུ་ འདྲོག་བྱེལ་འཐབ་བཅུག་པའི་ ཚོར་སྣང་བྱུང་མི་དེ་གིས་ཡང་ མི་སྡེ་ནང་ ཨེཆི་ཨའེ་བི་ནད་འབུབ་ཐོབ་མི་ཚུ་ལུ་ ངོས་ལེན་མ་འབད་མི་དེ་ རྒྱུ་མཚན་འདི་ལུ་བརྟེན་ མེན་ན་ཟེར་ ཞུ་ནི།
ཨིན་རུང་ བར་སྐབས་ཅིག་ལས་ཚུར་ འབྲེལ་ཡོད་དབང་འཛིན་ཚུ་གིས་འབད་རུང་ ཨེཆི་ཨའེ་བི་ནད་འབུབ་ བཀག་ཐབས་ཀྱི་སྐོར་ལས་ ཐབས་བྱུས་མ་འདྲཝ་ཚུ་བཏོན་ཏེ་ གོ་བ་བརྡ་སྤྲོད་འབད་མི་དེ་གིས་ མཐའ་ཟུར་གཡུས་ཚན་ནང་ སྡོད་མི་ཚུ་ལས་ འགོ་བཟུང་སྟེ་ ཁྲོམ་ཁར་སྡོད་མི་ སྤྱིར་བཏང་མི་མང་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ ཞུ་ནི།
དེ་མ་ཚད་ འདས་པའི་ལོ་དག་པ་ཅིག་ལས་ཚུར་ ཨེཆི་ཨའེ་བི་ནད་འབུབ་ ཟུན་མི་ཚུ་གིས་འབད་རུང་ ཁོང་རང་ནང་འཁོད་ལུ་ ལྷག་བསམ་ཟེར་མི་ གཞུང་མིན་ཚོགས་པ་ཅིག་ གཞི་བཙུགས་འབད་དེ་ འབྲུག་མི་ཚུ་ལུ་ ཨེཆི་ཨའེ་བི་/ཨེཌསི་ནད་གཞི་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་མི་དེ་ལུ་ ཆ་མཉམ་ར་ ཡིད་ཆེས་ངལ་རངས་བྱུང་ནུག་ཟེར་ ཞུ་ནི།
ལྷག་པར་དུ་ ཨེཆི་ཨའེ་བི་ནད་འབུབ་ ཟུན་མི་ཚུ་གིས་ སྦ་གསང་མེད་པར་ ཁོང་ར་ རྒྱང་མཐོང་ཊི་བི་དང་ མི་མང་གི་གདོང་ཁར་ གསལ་སྟོན་འབད་ཐོག་ལས་ མི་སྡེ་ནང་ ཁོང་རའི་ ཉམས་མྱོང་ཐོབ་མི་དང་ ཉེ་རིང་ཕྱེས་བཞག་པའི་ བསམ་འཆར་ཚུ་ ཧིང་སངས་ས་སྦེ་ གསལ་བཤད་འབད་མི་དེ་གིས་ ཆ་མཉམ་ར་ དྲན་ཚོར་འབད་བཅུག་ཡི་ཟེར་ཞུ་ནི།
ཁོང་ཆ་ཁྱབ་ཀྱིས་ བསམ་པ་བཟང་པོའི་ཐོག་ལས་ ད་ལས་ཕར་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ནང་ ཨེཆི་ཨའེ་བི་ནད་འབུབ་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ རྒྱལ་ཁབ་མཐའ་དབུས་མེད་པའི་ སློབ་གྲྭ་དང་ གཙུག་སྡེ་ཚུ་ནང་ ཕན་ནུས་ཅན་གྱི་ གོ་བརྡའི་ལས་རིམ་ཚུ་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་མི་ལུ་བརྟེན་ ད་རེས་ གཅིག་ལས་བལྟ་བ་ཅིན་ ཧེ་མ་དང་ཕྱདཔ་ད་ ཨེཆི་ཨའེ་བི་ནད་འབུབ་ ཟུན་མིའི་གྱངས་ཁ་ ཚད་འཛིན་འབད་ཚུགས་མི་དེ་ཡང་ གཙོ་བོ་ ཁོང་གི་ ལཱ་ཤུལ་གྲུབ་འབྲས་ལུ་བརྟེན་ མེན་ན་ཟེར་ཞུ་ནི།
དེ་འབད་ནི་འདི་གིས་ ང་བཅས་ར་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ ག་ར་འབད་རུང་ ཨེཆི་ཨའེ་བི་ནད་འབུབ་ ཟུན་མི་ཚུ་གིས་ དེ་བཟུམ་མའི་ བརྩོན་ཤུགས་བསྐྱེད་མི་དེ་ལུ་ བཀྲིན་བསམ་དགོ་པའི་ཁར་ ད་ལས་ཕར་ཡང་ ཨེཆི་ཨའེ་བི་/ཨེཌསི་ནད་གཞི་ ཁྱབ་སྤེལ་འགྱོ་མི་བཅུག་ནིའི་དོན་ལུ་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ གོ་བརྡའི་ལས་རིམ་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་གནང་པ་ཅིན་ ཚེ་འདི་ཕྱི་གཉིས་ཀ་ལུ་ཕན་པའི་ དགེ་བའི་ལཱ་སྦོམ་ཅིག་ཨིན་མས་ཟེར་ ཞུ་ནི་ཨིན།
རྡོ་རྗེ། ཐིམ་ཁྲོམ།

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *