སྤ་རོ་ཆུ་བྱག་ཆ་ དཔལ་རི་པདྨ་ཆོས་གླིང་དགོན་པའི་ ལོ་བསྟར་སྤྲེལ་ཟླ་ཚེས་བཅུ་དེ་ རང་ཟླ་༥ པའི་ཚེས་༦ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ ཉིནམ་༢ པའི་ནང་ པད་གླིང་གཏེར་བྱོན་ བླ་མ་ནོར་བུ་རྒྱ་མཚོའི་ ཆོས་སྡེ་ལས་བྱོན་པའི་ བླ་མ་དྲག་པོ་ མཚོ་གིང་གི་སྐུ་འཆམ་ སྤྱན་འབུལ་ཞུ་བའི་བསྒང་།

ནངས་པར་ ཨྱོན་གུ་རུ་རིན་པོ་ཆེ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ སྤྲེལ་ཟླ་ཚེས་བཅུ་བརྩི་སྲུང་།

༉ འབྲུག་ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་མིའི་ གྱངས་ཁ་ཡར་སེང་འགྱོ་བཞིན་དུ་ཡོད་རུང་ མི་སྡེ་ནང་འཁོད་ལས་ ནད་འབུབ་སྤེལ་སྤེལཝ་མེདཔ་ལས་ གཞུང་གིས་ སྤྱི་ཟླ་༦ པའི་ཚེས་༢༠ ལས་ བཀག་འཛིན་ལེཤ་ཅིག་ར་ སྒྲིག་ཡངས་སུ་ བཟོ་ཡོད་མི་ལས་༡ ཆོས་ཕྱོགས་ཀྱི་ ལས་རིམ་ཨིན་པས།
ཆོས་ཕྱོགས་ཀྱི་ ལས་རིམ་ཟེརཝ་ད་ ལོ་བསྟར་གནང་སྲོལ་ཡོད་པའི་ ཚེས་བཅུ་དང་ དམངས་ཀྱི་རིམ་གྲོ་ཚུ་ འགོ་འདྲེན་འཐབ་ཆོགཔ་མ་ཚད་ ལྷ་ཁང་དགོན་སྡེ་དང་ གནས་སྐོར་འགྱོ་ནི་ཚུ་ ལོག་སྒོ་ཕྱེ་ཡོདཔ་ཨིན་པས།
ཨིན་རུང་ མི་ལེ་ཤ་སྦེ་ སྤུངས་འཛོམས་འབད་མི་ ལས་སྣ་ཚུ་ཨིན་པ་ཅིན་ འགོ་འདྲེན་པ་ཚུ་གིས་ ལྟ་རྟོག་འབད་དགོཔ་སྦེ་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ གཞུང་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
ཐིམ་ཕུག་བཀྲིས་ཆོས་རྫོང་ནང་འབད་བ་ཅིན་ དམིགས་བསལ་གྱི་དུས་སྟོན་ དཔེར་ན་ དུས་ཆེན་ལྔ་འཛོམས་དང་ སྤྲེལ་ཟླ་ཚེས་བཅུ་ དེ་ལས་ དྲུགཔ་ཚེས་བཞི་ཚུ་ནང་ ལོ་བསྟར་བཞིན་དུ་ གུ་རུ་རིན་པོ་ཆེ་དང་ གནས་བརྟན་བཅུ་དྲུག་ལ་སོགས་པའི་ མཐོང་གྲོལ་དང་ ནང་རྟེན་ཚུ་ མི་མང་ལུ་ མཇལ་ཁ་གནང་ནི་ཡོད་རུང་ དུས་ཅི་ལས་ ནད་ཡམས་ལུ་བརྟེན་ གནས་སྐབས་ཅིག་ འགོ་འདྲེན་འཐབ་ནི་ བཞག་ཡོདཔ་ཨིན་པས།
གཞུང་དགེ་འདུན་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ བླམ་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ནངས་པ་རང་ཟླ་༥ པའི་ཚེས་༡༠ ལུ་ གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་རུང་ ཀོ་བིཌ་-༡༩ གི་ གནོད་ཉེན་དང་ མི་མང་སྤུངས་འཛོམས་འབད་ནི་ལས་ བཀག་ཐབས་ལུ་ ཆོས་ཕྱོགས་ཀྱི་ ལས་རིམ་ག་ནི་ཡང་མེད་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་དང་ ས་གནས་ཁག་སོ་སོའི་ནང་ ལོ་བསྟར་གྱི་ སྤྲེལ་ཟླ་ཚེས་བཅུ་བརྩི་སྲུང་འབད་དོ་ཡོདཔ་ད་ དཔེར་ན་ སྤ་རོ་ཆུ་བྱག་ཁ་ དཔལ་རི་པདྨ་ཆོས་གླིང་དགོན་པའི་ ལོ་བསྟར་སྤྲེལ་ཟླ་ཚེས་བཅུ་དེ་ རང་ཟླ་༥ པའི་ཚེས་༦ ལས་ བརྩི་སྲུང་ཞུ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ནངས་པར་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་སྟོན་ ཁྱད་པར་ཅན་དང་བསྟུན་ པད་གླིང་བཀའ་བརྒྱད་ཀྱི་ཆོས་སྡེ་ལས་བྱོན་པའི་ གིང་ཆེན་གྱི་སྐུ་འཆམ་གནང་ནི་ཨིན་རུང་ མི་འཛོམས་འདུ་རུག་རུ་འབད་ནི་ཚུ་ ག་དེ་དྲག་དྲག་ འཛེམ་ཐབས་འབདཝ་ཨིན་ཟེར་ དགོན་པའི་མཁན་པོ་ཅིག་གིས་ བཤདཔ་ཨིན་པས།
སྤྲེལ་ཟླ་ཚེས་བཅུའི་རྒྱབ་ཁུངས།
རང་ཟླ་༥ པའི་ཚེས་༡༠ ལུ་ སྤྲེལ་ཟླ་ཚེས་བཅུ་བརྩི་སྲུང་འབད་སྲོལ་ཡོད་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ དུས་རབས་༨ པའི་ནང་ འབྲུག་ལུ་ ཞབས་ཀྱིས་བཅགས་ཏེ་བདུད་བཏུལ་ གསང་སྔགས་ཀྱི་ ཆོས་འཁོར་བསྐོར་ ས་གཞིས་ག་ར་ སྦས་གནས་ཁྱད་པར་ཅན་ལུ་ བྱིན་གྱིས་བརླབས་ གཏེར་ཁ་སྦས་ ཚོགས་བསག་གི་རྟེན་ སྐུ་རྗེས་དང་ ཞབས་རྗེས་མང་རབས་ཅིག་ བཞག་གནང་མི་ལུ་ བཀྲིན་བསམ་ཐབས་ལུ་ཨིན་པས།
ཨྱོན་གུ་རུ་རིན་པོ་ཆེ་དེ་ སྤྱིར་བཏང་ དེ་བཞིན་གཤེགས་པ་ག་ར་གི་ གསུང་གི་བདག་ཉིད་དང་ ལྷག་པར་དུ་ ནུབ་ཕྱོགས་བདེ་བ་ཅན་ཞིང་ཁམས་ཀྱི་ མགོན་པོ་འོད་དཔག་མེད་ཀྱི་ཐུགས་ལས་ གསེར་གྱི་རྡོ་རྗེ་ཧྲཱི༔གིས་ མཚོན་མི་ཅིག་ མེ་ཏོག་པདྨའི་སྦུག་ལུ་ ཕོག་མི་ལས་ སྐུ་འཁྲུངས་ཡོདཔ་ཨིན་པས།
གནས་ཕུན་སུམ་ཚོགས་པ་ དབུས་གྱུར་རྡོ་རྗེ་གདན་གྱི་ ནུབ་ཕྱོགས་དང་ ཨྱོན་ཡུལ་གྱི་ ལྷོ་ནུབ་ཁ་ཐུག་ དེ་ལས་ སྲིན་པོའི་ཡུལ་གྱི་ ཐག་ཉེ་སུ་ཡོད་མི་ དྷ་ན་ཀོ་ཤའི་ མཚོའམ་ སྲིན་དྷུའི་མཚོ་གླིང་ལས་ སྐུ་འཁྲུངས་ཡོདཔ་ད་ མཁས་པ་ལ་ལོ་ཅིག་གིས་ དྷ་ན་ཀོ་ཤའི་མཚོ་དེ་ པཱ་ཀིསི་ཏཱན་རྒྱལ་ཁབ་ནང་ཡོད་པའི་ སོ་ཝཌ་དང་ ལ་ལོ་ཅིག་གིས་ རྒྱ་གར་ཨོ་ཌི་ས་དེ་ཨིནམ་སྦེ་ བཤད་སྲོལ་ཡོདཔ་བཞིན་དུ་ དུས་ཕུན་སུམ་ཚོགས་པ་ སངས་རྒྱས་སྐུ་མྱ་ངན་འདས་ཏེ་ ལོ་༥ གི་ཤུལ་ལས་ ཤིང་སྤྲེལ་གྱི་ལོ་ལུ་ ཕ་མེད་མ་མེད་ ཁ་དོག་སྣ་ཚོགས་དང་ལྡནམ་སྦེ་ མེ་ཏོག་པདྨའི་སྦུབས་ལས་ ལོ་ན་༨ དང་ལྡན་པའི་ ན་ཆུང་ཅིག་ལུ་ སྐུ་འཁྲུངས་ཡོདཔ་ཨིན་པས།
དེ་བསྒང་ ནུབ་ཕྱོགས་ཨྱོན་ཡུལ་གྱི་རྒྱལཔོ་ ཨིན་དྲ་བོ་དྷི་བར་པ་ལུ་ སྲས་མེད་ནི་གིས་ དཀོན་མཆོག་ལུ་ མཆོད་པ་དང་ ངན་སློང་ལུ་ སྦྱིན་པ་བཏང་སྟེ་ བང་མཛོད་རྫོགས་སོཔ་ལས་ རྒྱ་མཚོའི་གླིང་ལས་ ཡིད་བཞིན་ནོར་བུ་ ལེན་པར་སོང་སྟེ་ ལོག་བྱོན་པའི་ལམ་ཁར་ ཆོས་བློན་ཏྲིག་པ་འཛིན་གྱིས་ གུ་རུ་མཇལ་ཏེ་ རྒྱལཔོ་ལུ་ཞུཝ་ད་ རྒྱལཔོ་གིས་ པདྨའི་སྡོང་པོ་ལས་ གུ་རུ་ཚུར་ལེན་ཞིནམ་ལས་ ས་ལུ་བཞག་པའི་སྐབས་ པདྨའི་གདན་ལོག་ཅི་ར་ བྱུང་མི་ལུ་བརྟེན་ མཚན་ཡང་པདྨ་འབྱུང་གནས་ཟེར་ ཞུ་ཡོདཔ་ཨིན་པས།
དེ་ལས་ རྒྱལཔོ་གིས་ ཁྱོད་ཀྱི་ ཡབ་དང་ཡུམ་ག་སྨོ? གཡུས་ག་ཏེ་ལས་སྨོ? གསོལ་ཚོགས་ག་ཅི་བཞེསཔ་སྨོ? ཕྱག་ལཱ་ག་ཅི་སྨོ?ཟེར་ ཞུ་བའི་སྐབས་ གུ་རུ་གིས་ ང་ཡི་ཕ་ནི་རིག་པའི་ཡེ་ཤེས་ཡིན། །མ་ནི་དབྱིངས་ཕྱུག་ཀུན་ཏུ་བཟང་མོ་ཡིན། །ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན། །རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས། །ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན། །འདི་ན་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་། །ཟེར་གསུངསམ་ལས་ ཡ་མཚན་གྱི་ གནས་ལུ་གཟིགས་ཏེ་ ཕོ་བྲང་ནང་ གདན་དྲངས་ཞིནམ་ལས་ སྲས་ཀྱི་ཚབ་སྦེ་ རྒྱལ་སྲིད་ཕུལ་ མཚན་ཡང་མཚོ་སྐྱེས་རྡོ་རྗེ་ཟེར་གསོལ་ཡོདཔ་ཨིན་པས།
ཨྱོན་གུ་རུ་རིན་པོ་ཆེ་གིས་ འབྲུག་ལུ་ ལན་ཐེངས་༣ ཞབས་ཀྱིས་བཅགས་ཏེ་ བདུད་དང་འདྲེ་སྲིན་ཚུ་ དམ་ལུ་བཏགས་གནང་མི་དེ་ ཐེ་ཚོམ་ག་ནི་ཡང་མེདཔ་ད་ བུམ་ཐང་གི་རྒྱལཔོ་ སྲིན་དྷུ་ར་ཛ་གིས་ མགྲོན་བརྡ་དང་བསྟུན་ འགོ་དང་པ་ ཞབས་བཅགས་གནང་པའི་སྐབས་ བུམ་ཐང་སྐུ་རྗེས་བྲག་དང་ ཀུན་བཟང་བྲག་ མེ་འབར་མཚོ་ དེ་ལས་ འབྲུག་དབུས་ཕྱོགས་ཀྱི་ ས་གནས་མང་རབས་ཅིག་ནང་ ཞབས་བཅགས་བྱིན་གྱིས་བརླབས་གནང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཐེངས་༢ པ་ ཞབས་བཅགས་གནང་མི་དེ་ ཨྱོན་གུ་རུ་རིན་པོ་ཆེ་ བོད་བསམ་ཡས་ལྷ་ཁང་ བཞེངས་ཚར་ཏེ་ བོད་ལས་ ལོག་བྱོན་པའི་སྐབས་ཨིནམ་ད་ དེ་བསྒང་ བཀྲིས་གཡང་རྩེ་ལུ་ ཨོཾ་སྦ་གནས་དང་ མོང་སྒར་ལུ་ ཨཱ༔བརྒྱ་གནས་ དེ་ལས་ ལྷུན་རྩེ་ལུ་ སེངྒེ་རྫོང་ལ་སོགས་པའི་ སྦས་གནས་ཁྱད་པར་ཅན་༡༠ དེ་ཅིག་ ཞབས་ཀྱིས་བཅགས་ བྱིན་གྱིས་བརླབས་གནང་ནུག།
དེ་ལས་ ཨྱོན་གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་༢ སྤ་རོ་སྟག་ཚང་ལུ་ འཕུར་བྱོན་ཡོདཔ་བཞིན་དུ་ དེ་ཁར་ སྤ་རོ་བྲག་དཀར་པོ་དང་རྫོང་བྲག་ ར་རྒོད་ ཆིམ་ཕུག་ སྦས་ཡུལ་རིན་ཆེན་གཤོང་ཚུ་ནང་ ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་པའི་ཤུལ་ལས་ ལྷོ་ནུབ་ཧཱ་གསང་སྦས་ཁ་ཚུན་ བྱོན་ཞིནམ་ལས་ གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་༢ ཇོ་མོ་ལྷ་རི་ལས་སྦེ་ ལོག་བོད་ལུ་ འཕུར་བྱོན་ཡོདཔ་ཨིན་པས།
ཨྱོན་གུ་རུ་རིན་པོ་ཆེ་གིས་ རྒྱལ་ཁབ་ནང་ ཐེངས་༣ པ་ ཞབས་བཅགས་གནང་མི་དེ་ མཇུག་ཨིནམ་ད་ དེ་བསྒང་ ལྷོ་ནུབ་སྲིན་པོའི་གཡུས་ལུ་ བྱོན་ཡོདཔ་བཞིན་དུ་ ཐིམ་ཕུག་དང་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ལུ་ གནས་ཁྱད་པར་ཅན་༢༡ དེ་ཅིག་ བྱིན་གྱིས་བརླབས་གནང་པའི་ཤུལ་ལས་ དར་དཀར་ནང་དང་ མཐའ་ནམ་མཁའ་རྫོང་ སྦས་ཡུལ་སྒོམ་བྲག་བརྒྱུད་དེ་ ལྷོ་ཕྱོགས་ཁ་ཐུག་ལུ་ བྱོན་ཡོདཔ་ཨིན་པས།
སྤ་རོ་སྟག་ཚང་དེ་ སྤྱི་ལོ་༧༤༧ ལས་ ཡོངས་གྲགས་སོང་མི་དེ་ཡང་ དེ་བསྒང་ གུ་རུ་གིས་ སྐུ་ཁྲོ་བོ་སྦེ་ རྡོ་རྗེ་གྲོ་ལོད་ལུ་ སྤྲུལ་ཐོག་ལས་ རྟ་གུ་ཆིབས་ཏེ་ ས་ཁོངས་དེ་ནང་ བྱོན་ཞིནམ་ལས་ ལུང་ཕྱོགས་དེ་ནང་ འདྲེ་གདོན་འབྱུང་པོ་ཚུ་ དམ་བཏགས་པའི་ཤུལ་ལས་ ད་རེས་ དཔལ་ཕུག་ལྷ་ཁང་བཞེངས་སའི་ བྱག་ཕུག་བྱིན་རླབས་ཅན་དེ་ནང་ སྒྲུབ་པ་གནང་སྟེ་ བཞུགས་མི་ལུ་བརྟེན་ཨིན་པས།
གསང་སྔགས་ཀྱི་ ཆོས་འབྱུང་དང་འཁྲིལཝ་ད་ ས་གནས་ཀྱི་གནས་བདག་ དམ་བཏགས་གནང་མི་ཚུ་ ནང་པ་སངས་རྒྱས་པའི་ སྲུང་མ་སྦེ་ བསྐོས་གནང་མིའི་གྲས་ལས་ གཅིག་ ད་རེས་ནངས་པར་ སེངྒེ་བསམ་གྲུབ་དེ་ སྟག་ཚང་གི་ བཀའ་སྲུང་སྦེ་ ངོས་འཛིན་འབདཝ་ཨིན་པས།
ཨྱོན་གུ་རུ་གིས་ ལྷོ་མོན་ལྗོངས་ཀྱི་ དུས་ངན་སྙིགས་མའི་ སེམས་ཅན་ཚུ་གི་ སྡུག་བསྔལ་སྐྱབས་ནིའི་ ཞལ་གྱིས་བཞེས་གནངམ་ལས་ སྤྲེལ་ཟླ་ཚེས་བཅུའི་སྐབས་ ཨྱོན་གུ་རུ་རིན་པོ་ཆེ་ལུ་ དད་མོས་ཆེན་པོའི་ཐོག་ལས་ གསོལ་བ་བཏབ་པ་ཅིན་ ཚེ་འདི་ཕྱི་༢ ཆ་ར་ལུ་ བྱིན་རླབས་དང་ དངོས་གྲུབ་འཐོབ་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *