སྤུངས་ཐིམ་གྲྭ་ཚང་གི་ དགེ་སློང་ཚུ་གིས་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ འཆམ་རྒྱུགས་ཕུལ་བའི་བསྒང་།

ནངས་པར་ ཐིམ་ཕུག་ལྷ་མོའི་སྒྲུབ་ཆེན་ འགོ་བཙུགས་ནི།

༉ ལོ་བསྟར་གྱི་ ཐིམ་ཕུག་ལྷ་མོའི་སྒྲུབ་ཆེན་ འགོ་བཙུགས་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ འཆམ་རྒྱུགས་ཕུལ་བའི་སྐབས་ དད་མོས་ཅན་གྱི་སྐྱ་སེར་ཕོ་མོ་ བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་ནུག།
སྤྱིར་བཏང་ཚེས་བཅུའི་སྐབས་ འཆམ་རྒྱུགས་ཟེར་ ཞལ་འབགཔ་མ་བཙུགས་པར་ རྐྱབ་སྲོལ་ཡོདཔ་བཟུམ་སྦེ་ ཐིམ་ཕུག་ལྷ་མོའི་སྒྲུབ་ཆེན་དང་ ལོ་བསྟར་ཚེས་བཅུ་གི་ སྐུ་འཆམ་ཚུ་ཡང་ ཞལ་འབགཔ་མ་བཙུགས་པར་ རྐྱབ་མི་དེ་ལུ་ ཕྱི་ནང་གི་དགོས་པ་ཚུ་ཡོདཔ་ད་ དེ་ཡང་ ཕྱིའི་དགོས་པ་དེ་ འཆམ་རྒྱུགས་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ འཕགས་པའི་དགེ་འདུནམ་ཚུ་ལུ་ ཕུལ་དོ་བཟུམ་ཅིག་ཨིན་རུང་ ནང་ལྟར་ལས་འབད་བ་ཅིན་ སྔོན་འགྲོའི་རིམ་པ་དང་ སྒྲུབ་ཆེན་འགོ་བཙུགས་ནིའི་དོན་ལུ་ གྲ་སྒྲིག་སོང་ཡི་ཟེར་བའི་ བརྡ་མཚོན་ཨིན་པས།
འཆམ་རྒྱུགས་ཀྱི་སྐབས་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ཧོངས་ལས་ ལྷམོ་གཙོ་མོའི་སྐུ་འཆམ་གནང་ཡོདཔ་ད་ རྒྱལ་གཞུང་འཆམ་དང་ཟློས་གར་གྱི་ཁ་ཐུག་ལས་ བོད་འཆམ་དང་ ཞབས་ཁྲ་ཚུ་ སྤྱན་འབུལ་ཕུལ་མི་དེ་ སྒྲུབ་ཆེན་གྱི་ཤུལ་ལས་ར་ ལོ་བསྟར་ཐིམ་ཕུག་ཚེས་བཅུ་ འགོ་བཙུགས་ནི་དེ་གིས་ འཆམ་རྒྱུགས་དེ་ སྒྲུབ་ཆེན་དང་ ལོ་བསྟར་ཚེས་བཅུ་གཅིག་ཁར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ ཞིབ་འཚོལ་གཙོ་འཛིན་འོགམ་ ཀུན་བཟང་རྡོ་རྗེ་གིས་ བཤད་མིའི་ནང་ འཆམ་རྒྱུགས་ཀྱི་སྐབས་ ཞལ་འབགཔ་མ་བཙུགས་པར་རྐྱབ་མི་དེ་ སྔོན་འགྲོའི་རིམ་པ་ཨིནམ་མ་ཚད་ སྒྲུབ་ཆེན་དང་ཚེས་བཅུ་ འགོ་བཙུགས་ནིའི་དོན་ལུ་ གྲ་སྒྲིག་སོང་ཡི་ཟེར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལུ་ སྙན་ཞུ་ཕུལ་དོ་བཟུམ་ཅིག་ ཨིན་ཟེར་ཨིནམ་ད་ མ་གཞི་ ལོ་བསྟར་བཞིན་དུ་ འཆམ་རྒྱུགས་ཀྱི་སྐབས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ བཞུགས་དོ་ཡོདཔ་ཨིན་རུང་ ད་རེས་ བཀའ་འགྱུར་གྱི་ ལྗགས་ལུང་གནང་པའི་བསྒང་འབད་ནི་དེ་གིས་ རྡོ་རྗེ་སློབ་དཔོན་བཞུགས་ནུག།
དེ་ལས་ རྫོང་ནང་གསུང་ཆོག་གནང་སྟེ་ སྒྲུབ་ཆེན་གྱི་ཉིནམ་མཐའ་མའི་སྐབས་ རྡོ་གཅལ་ནང་ སྐུ་འཆང་གནང་མི་དང་ ཚེས་བཅུའི་སྐབས་ རྟེན་འབྲེལ་ཐང་ནང་ སྐུ་འཆམ་གྱི་རིམ་པ་སྟོན་མི་ཚུ་ སྒྲུབ་ཆེན་དང་ཚེས་བཅུའི་ དངོས་གཞི་གི་རིམ་པ་ཚུ་ཨིན་ཟེར་ཨིན་པས།
ཁ་ཙ་གི་ལས་རིམ་ནང་ དུང་ཆེན་དང་ཚིགས་དུང་ དཀར་དུང་ རྒྱ་གླིང་ དགེ་འཆམ་དུར་བདག་ ལྷམོ་གཙོ་མོའི་སྐུ་འཆམ་ བོད་འཆམ་ཤ་རྫམ་ གུ་རུ་མཚན་བརྒྱད་ བོད་ཆམ་དུར་བདག་ རིགས་མ་བཅུ་དྲུག་ དགྲ་མེ་རྩེ་རྔ་འཆམ་ རཀྴ་དམངས་འཆམ་ ཞབས་ཁྲའི་རིགས་ དེ་ལས་ ཆིབས་གྲལ་ཚུ་གི་ རྒྱུགས་ཕུལ་ཡི།
ད་རིས་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ལུ་ འབུམ་བཀྲིས་ཟེར་ སྒྲུབ་ཆེན་གྱི་གཏོར་མའི་རིགས་དང་ ནོར་བུའི་རིགས་ཚུ་ རྫོང་གི་འདུ་ཁང་གི་ དཀྱིལ་འཁོར་ནང་ ཞུ་བའི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༡༤ ལས་ སྒྲུབ་ཆེན་གྱི་ དངོས་གཞིའི་རིམ་པ་ འགོ་བཙུགས་ནི་ཨིན་པས།
དངོས་གཞིའི་རིམ་པ་དེ་ ཉིན་གྲངས་༡༡ གི་རིང་ འདུ་ཁང་ནང་ དཔལ་ལྡན་ལྷ་མོ་དང་འཁོར་ཚུ་གི་ གསུང་ཆོག་གནང་ནི་ཨིནམ་ད་ དེའི་སྲོལ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ འགོ་བཙུགས་ཡོདཔ་ད་ དོ་དམ་ སློབ་དཔོན་རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ སྒྲུབ་ཆེན་དེ་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ གསང་བའི་ཐོག་ལས་ སྤྱི་ལོ་༡༦༡༩ དེ་ཅིག་ལས་ར་ འགོ་བཙུགས་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
སྒྲུབ་ཆེན་འགོ་བཙུགས་མི་དེ་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ དཔལ་ལྡན་ལྷ་མོ་ལས་ སྐྱབས་ཞུ་སྟེ་ ཕྱི་ནང་གསང་གསུམ་གྱི་ དགྲ་ཚུ་བཅོམ་པའི་དགའ་ཚོར་ལུ་ བཀྲིན་གཏང་རག་ གསོལ་མཆོད་ཕུལ་མི་དེ་ལུ་ སྒྲུབ་ཆེན་ཟེར་ཞུཝ་ཨིནམ་ད་ སློབ་དཔོན་རྣམ་རྒྱལ་རྡོ་རྗེ་གིས་ བཤད་མིའི་ནང་ ཞབས་དྲུང་གི་སྐབས་ལུ་ སྒྲུབ་མཆོད་དེ་ གསང་བའི་ཐོག་ལས་གནང་ཡོདཔ་བཞིན་དུ་ དེ་བསྒང་ གྱལ་འགོ་ལུ་ བཞུགས་མི་ཚུ་གིས་ གསུང་ཆོག་དེ་ གྱལ་མཇུག་ལུ་ཡོད་མི་ཚུ་ཡང་ མ་གོཝ་སྦེ་གནང་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
འདུ་ཁང་ནང་ གསུང་ཆོག་གནང་པའི་སྐབས་ ཞྭ་ནག་ལྔམོ་ཟེར་མི་ སྐུ་འཆམ་དེ་གནང་དོ་ཡོདཔ་ད་ སྐུ་འཆམ་དེ་ དཔལ་ལྡན་ལྷ་མོ་གིས་ རྣམ་སྤྲུལ་དང་ མོ་གི་འཁོར་ཚུ་ཨིན་ཟེར་ བཤད་ནི་ཡོདཔ་ད་ འདུ་ཁང་ནང་ཉིན་གྲངས་༡༡ གི་རིང་ གསུང་ཆོག་གནང་པའི་ཤུལ་ལས་ རྡོ་གཅལ་ནང་ ལྷམོ་གཙོམོ་ཚུ་གི་ སྐུ་འཆམ་གནང་མི་དེ་ སྒྲུབ་པ་གནང་པའི་བྱིན་རླབས་དེ་ མི་མང་ལུ་ གནང་པའི་ཚུལ་ཨིན་པས།
ལྷ་མོའི་སྒྲུབ་ཆེན་གྱི་ སྐུ་འཆམ་ལེའུ་ཚུ་ རྒྱལ་སྲས་གྷ་ན་པ་ཏི་གིས་ མཛད་གནང་ཡོདཔ་ད་ ཁོ་གི་མཚན་གཞན་དེ་ ཀུན་དགའ་རྒྱལ་མཚན་ཟེར་ ཞུཝ་ཨིནམ་ད་ ཁོ་ར་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ གདུང་སྲས་འཇམ་དཔལ་རྒྱལ་མཚན་གྱི་ ཡང་སྲིད་ཨིན་པས།
དེ་ལས་ ཐིམ་ཕུག་གི་ ལོ་བསྟར་ཚེས་བཅུ་དེ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ མཛད་གནང་ཡོདཔ་ད་ ལོ་བསྟར་ཚེས་བཅུ་དེ་ ལྷ་མོའི་སྒྲུབ་ཆེན་གྲོལཝ་ཅིག་ འགོ་བཙུགས་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *