ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་གྱི་ ཁྲིམས་ཚབ་ཀྱིས་ མཐོ་གཏུགས་ཞུ་ཡོདཔ།

ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་གྱི་ ཁྲིམས་ཚབ་ཀྱིས་ ཆེ་མཐོ་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་གྲངས་མང་ལུ་ གནད་དོན་ཁག་༥ གི་ཐོག་ལས་ མཐོ་གཏུགས་ཀྱི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།

བློན་པོ་ཤེས་རབ་རྒྱལ་མཚན་ལུ་ ཆེ་མཐོ་ཁྲིམས་ཁྲི་༣ པ་གིས་ ཁོ་རའི་ སྣུམ་འཁོར་པར་ཌོ་གི་ ཉེན་བཅོལ་ཐོབ་ལམ་ནང་ གཡོ་སྒྱུ་དང་ ཡིག་ཆ་རྫུས་བཟོ་ཐོག་ལས་ ཐོབ་བརྗོད་རྫུས་མ་བཀོད་ནུག་ཟེར་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོདཔ་ཨིན་པས།

ཁྲིམས་ཚབ་ཀྱིས་ བློན་པོ་ཤེས་རབ་རྒྱལ་མཚན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངག་བརྗོད་བྱིན་པའི་སྐབས་ མོང་སྒར་ལུ་འགྱོ་བའི་སྐབས་ སྣུམ་འཁོར་གྱི་ འཕྲུལ་སྣུམ་མགྱོགས་པར་ཟད་ཡོདཔ་སྦེ་ བཀོད་ཡོདཔ་མ་གཏོགས་ ས་གནས་བླམ་དཔལ་རི་ལུ་ སྣུམ་འཁོར་ཐུག་རྐྱེན་བྱུང་བའི་སྐོར་ལས་ བཀོད་དེ་མིན་འདུག་ཟེར་ ཐོག་མའི་ཁྲིམས་འདུན་གྱིས་ གནད་དོན་དེ་ལུ་ གཞི་བཞག་ཐོག་ལས་ ཐུག་རྐྱེན་བྱུང་བའི་དཔང་པོ་དང་ སྒྲུབ་བྱེད་མིན་འདུག་ཟེར་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ མཐོ་གཏུགས་ནང་ ཞུ་ནུག།

ཁོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངག་བརྗོད་བྱིན་མི་དེ་ནང་ དྲི་དཔྱད་འབད་མི་གིས་ དྲི་བ་བཀོད་མི་དང་འཁྲིལ་བའི་ ལན་རྐྱངམ་གཅིག་མ་གཏོགས་ དྲི་བ་ནང་མ་ཚུད་མི་ཚུ་བཀོད་དེ་ བཙུགས་དགོ་པའི་ དགོས་ཁུངས་མེད་ཟེར་ཨིན་པས།

ཁྲིམས་ཚབ་ཀྱིས་ ཐོག་མའི་ཁྲིམས་འདུན་གྱིས་ སྣུམ་འཁོར་བཅོ་ཁང་གི་ ལས་བྱེད་པའི་ངག་བརྗོད་དེ་ རྒྱང་རིང་གི་སྒྲུབ་བྱེད་ཨིན་མས་ཟེར་བཀོད་རུང་ ཤུལ་ལས་ སྣུམ་འཁོར་དེ་ འགོ་དང་པ་ བཅོ་ཁང་ནང་འབག་འོངམ་ད་ ཉེན་བཅོལ་ཐོག་ལས་ བཟོ་བཅོས་འབད་ནིའི་ ལོ་རྒྱུས་མེད་པའི་སྐོར་ལས་ཞུ་མི་དེ་ ཁྲིམས་འདུན་གྱིས་ ངོས་ལེན་འབད་མི་ལུ་བལྟ་རུང་ མི་ཅིག་གིས་ཞུ་མི་ངག་བརྗོད་ལ་ལོ་ཅིག་ལུ་ ངོས་ལེན་དང་ ལ་ལོ་ཅིག་ལུ་ ངོས་ལེན་མ་འབད་བར་འདུག་ཟེར་ མཐོ་གཏུགས་ནང་བཙུགས་ནུག།

ཁོ་གིས་ ཐོག་མའི་ཁྲིམས་འདུན་གྱིས་ ཉེན་བཅོལ་གྱི་ཚེས་གྲངས་དེ་ འདས་ཚེས་བཟོ་སྟེ་ཡོདཔ་སྦེ་ བཀོད་ཡོད་མི་དེ་ཡང་ ཁྲིམས་འདུན་གྱིས་ ནོར་འཁྲུལ་བྱུང་བའི་གྲུབ་རྟགས་འདུག་ཟེར་ཨིནམ་ད་ དེ་ཡང་ སྣུམ་འཁོར་དེ་གིས་ ཡོངས་རྫོགས་ཉེན་བཅོལ་ཚེས་གྲངས་༠༤/༠༦/༢༠༡༦ ལུ་ཡོད་མི་དེ་ཡང་ དོན་འགྲེལ་ཕྱིར་ལོག་སྦེ་ལེན་ནུག་ཟེར་ཨིནམ་ད་ ཉེན་བཅོལ་ཡོངས་རྫོགས་ལས་ རྩ་བོ་གསུམ་པའི་ཉེན་བཅོལ་ལུ་ བསྒྱུར་བཅོས་འབད་ནུག་ཟེར་མི་དེ་ཡང་ སྐབས་བབ་ཀྱི་རྩོད་ཉོགས་དང་བསྟུན་པའི་ གསལ་ཞུ་དང་བདེན་ཁུངས་མེན་པའི་ཁར་ ཉེན་བཅོལ་གཡོ་ཁྲམ་ཐོག་ལས་ ལེན་ནུག་ཟེར་མི་དེ་ཡང་ ཉེས་འཛུགས་དང་བསྟུན་པའི་མངོན་རྟགས་འགྲུབ་ནི་ལུ་ ཕན་གྲོགས་ག་ནི་ཡང་མེད་རུང་ ཡོདཔ་བཟུམ་བཟོ་སྟེ་ འཁྲུན་ཆོད་བཏོན་མི་དེ་ཡང་ ཁེ་རྒུད་མ་བཏུབ་ཟེར་ མཐོ་གཏུགས་ནང་བཙུགས་ནུག།

ཡོངས་རྫོགས་དང་ རྩ་བོ་གསུམ་པའི་ཉེན་བཅོལ་ཐད་ ཁྲིམས་ཚབ་ཀྱིས་ བློན་པོ་ཤེས་རབ་རྒྱལ་མཚན་གྱིས་ ཡོངས་རྫོགས་ཉེན་བཅོལ་འབད་དེ་ཡོད་རུང་ དུས་ཚོད་གཅིག་ནང་ རྩ་བོ་གསུམ་པའི་ཉེན་བཅོལ་ཡང་ཡོདཔ་ལས་ རྩ་བོ་གསུམ་པའི་ཉེན་བཅོལ་དེ་ སྤྱི་ཚེས་༠༥/༠༧/༢༠༡༦ ལུ་ དུས་ཚོད་ཚང་དོ་ཡོདཔ་ལས་ ལས་འཛིན་གྱིས་ བློན་པོ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ བློན་པོ་གིས་ རྩ་བོ་གསུམ་པོའི་ ཉེན་བཅོལ་དེ་ཡང་བཞག་ཟེར་སླབ་སྟེ་ ཡོངས་རྫོགས་དང་ རྩ་བོ་གསུམ་པོའི་ཉེན་བཅོལ་གཉིས་ཆ་ར་ བཞག་ཡོདཔ་མ་གཏོགས་ གཡོ་ཁྲམ་འབད་པའི་རྣམ་པ་ ག་ནི་ཡང་མེད་ཟེར་བཀོད་ནུག།

སྣུམ་འཁོར་ཐུག་རྐྱེན་བྱུང་བའི་ གོ་བརྡའི་ཡི་གུ་གི་ཐད་ བློན་པོ་གིས་ ལག་རྟགས་བཀོད་ཡོདཔ་ལས་ དེ་ནང་གི་ དོན་དག་ འཛོལ་བ་ཡོད་མི་དེ་ཡང་ གོ་བ་ཕྱི་གྱུར་ལེན་ཏེ་ འབད་མི་དེ་ཡང་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།

བློན་པོ་ཤེས་རབ་རྒྱལ་མཚན་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ཟླཝ་༢ བཀལ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *