ནང་འཁོད་ཐོན་སྐྱེད་ཚུ་ ཉོ་སྤྱོད་འབད་ཚུགསཔ་བཟོ་ནིའི་ ཐབས་ལམ་བཏོན་དགོཔ།

༉ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོདཔ་བཞིན་དུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ཀུན་ཁྱབ་ནད་ཡམས་དེ་ རྩ་བརྟན་ལས་ བཀག་ཚུགས་པའི་ སྨན་ཁབ་ཅིག་ ཆ་འཇོག་མ་འབད་ཚུན་ འཕྲོ་མཐུད་དེ་ར་ གནོད་ཉེན་ཚུ་ འབྱུང་ནི་ཨིན་མས།
ཨིན་རུང་ ང་བཅས་ར་ གསོ་བའི་ལམ་ལུགས་དང་ སྒྲིག་གཞི་ཚུ་དང་བསྟུན་ ནད་ཡམས་ཀྱི་ གདོང་ལེན་འབད་ནི་དང་ འཆར་གཞི་ལས་སྣ་ཚུ་ བཀག་ཐོགས་མེད་པར་ ཨ་རྟག་ཧར་ལུགས་སྦེ་ར་ ལག་ལེན་འཐབ་བཞིན་དུ་སྡོད་པ་ཅིན་ སྤྱིར་བཏང་མི་སྡེའི་དཔལ་འབྱོར་ལུ་ ཕན་ཁྱད་འབྱུང་ནི་ཨིན་མས།
ནད་ཡམས་ཀྱི་གནས་སྟངས་ནང་ དཔལ་འབྱོར་མར་ཉམས་འགྱོ་མི་བཅུག་ནིའི་དོན་ལུ་ དཔྱེ་འབད་བ་ཅིན་ ཁྱིམ་ཚང་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་གི་ཚབ་ རྒྱལ་ཁབ་ནང་ན་ལས་ བཟོ་སྐྲུན་དང་ ཐོན་སྐྱེད་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག།
གནད་དོན་འདི་གི་སྐོར་ལས་ ང་བཅས་ར་ ཡུན་རིངམོ་སྦེ་ར་ གྲོས་བསྡུར་འབད་ཡོད་རུང་ ནད་ཡམས་འདི་ མ་འཐོན་ཚུན་ ལག་ལེན་དངོས་སུ་འཐབ་མ་ཚུགས་པར་ དེ་འཚམས་ཅིག་སྦེ་ར་ ལུས་སོ་ཡི།
མ་གཞི་ འབྲུག་འདི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ ཅ་ཆས་དང་ ཞབས་ཏོག་གི་རིགས་ཚུ་ ཁྱིམ་ཚང་རྒྱལ་ཁབ་ཚུ་ལུ་ ཧྲིལ་བུམ་བརྟེན་སྡོད་དགོ་མི་དེ་ཡང་ དཔྱེ་འབད་བ་ཅིན་ ང་བཅས་ཀྱིས་ སྣུམ་འཁོར་ཀཱར་དང་ གློག་རིག་ཀམ་པུས་ཊར་ཚུ་ བཟོ་སྐྲུན་འབད་ནིའི་ ལྕོགས་གྲུབ་མེད་ནི་དེ་གིས་ཨིན།
ཨིན་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ དགོས་མཁོ་ག་ཅི་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མི་དེ་ཡང་ འདས་པའི་ཟླཝ་ནང་ འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ལུ་ མི་ཚུ་གིས་ ཉེ་བར་མཁོ་བའི་ བཟའ་འཐུང་གི་རིགས་ཚུ་ལུ་ གཙོ་བོར་བཏོནམ་མ་གཏོགས་ ཅ་ཆས་གཞན་ཚུ་ལུ་ མཁོ་འདོད་མེདཔ་ཨིན་མས།
ནང་འདྲེན་གྱི་ ཐོ་ཡིག་ཚུ་ལུ་བལྟ་བ་ཅིན་ ཧ་ལས་སི་སི་ཡོདཔ་ད་ དེ་ཡང་ ནག་རྫས་མེད་པའི་རྒྱལ་ཁབ་ནང་ དངུལ་ཀྲམ་ཐེར་འབུམ་༡༠.༢ གནས་པའི་ས་སྣུམ་གྱི་རིགས་དང་ སྲོག་གཅོད་འབད་མ་ཆོག་པའི་ ཆོས་ལྡན་རྒྱལ་ཁབ་ནང་ དངུལ་ཀྲམ་ཐེར་འབུམ་༡.༥ གནས་པའི་ཤ་རིགས་ ནགས་ཚལ་ཁྱབ་ཚད་བརྒྱ་ཆ་༧༢ ཡོད་མི་རྒྱལ་ཁབ་ནང་ དངུལ་ཀྲམ་ཐེར་འབུམ་༢.༣ གནས་པའི་རྡོ་སོལ་ དེ་ལས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༧ གནས་པའི་ཆུམ་ཚུ་ ནང་འདྲེན་འབད་ནུག།
འདི་བཟུམ་མའི་ ནང་འདྲེན་འབད་མི་ལུ་ལྟཝ་ད་ འཛོལ་བ་དང་ ཡང་ཅིན་ སྐྱོན་སྦོམ་ཅིག་ར་ ཞུགས་ཡོདཔ་ལས་ གཞུང་གིས་ ནང་འདྲེན་གྱི་ཚབ་ བཟོ་སྐྲུན་དང་ ཐོན་སྐྱེད་འབད་ནི་ཚུ་ལུ་ དམིགས་གཏད་བསྐྱེད་དགོཔ་མ་ཚད་ ཕྱིར་བཙོང་ཡར་སེང་འབད་དགོཔ་འདུག།
ནད་ཡམས་ལུ་བརྟེན་ ལཱ་གཡོག་བྱང་མི་ སྟོང་ཕྲག་ལས་བཅད་དེ་ཡོདཔ་མ་ཚད་ ལཱ་གཡོག་ནང་འཛུལ་ནིའི་དོན་ལུ་ གྲ་སྒྲིག་འབད་མི་ཡང་ སྟོང་ཕྲག་ལས་བཅད་དེ་ཡོདཔ་ལས་ གལ་སྲིད་ ནང་འདྲེན་གྱི་ཚབ་ ནང་འཁོད་ལས་ བརྒྱ་ཆ་༥༠ དེ་ཅིག་ ཐོན་སྐྱེད་འབད་ཚུགས་རུང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་མས།
ཕྱོགས་གཅིག་ལས་བལྟ་བ་ཅིན་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་དང་ འབྲུ་སྣ་ ཤའི་རིགས་ཚུ་ གོང་ཚད་མཐོ་དྲགས་མི་ལུ་བརྟེན་ འབྲུག་མི་མང་ཤོས་ཅིག་གིས་ ཉོ་སྤྱོད་འབད་མ་ཚུགསཔ་ལས་ གོང་ཚད་ཁེ་སུ་འབད་མི་ ནང་འདྲེན་མཁོ་ཆས་ཚུ་ལུ་ བརྟེན་མ་སྡོད་པར་ བྱ་ཐབས་མིན་འདུག།
རྒྱུ་མཚན་འདི་ལུ་བརྟེན་ ཚོད་བསྲེ་འཛུགས་སྐྱོང་འབད་མི་དང་ བཙོང་མི་ཚུ་ ནང་འཁོད་ལུ་ དོ་འགྲན་འབད་བཅུག་ནིའི་ རྒྱུད་སྐུལ་འབད་ནི་དང་ ས་གནས་ཀྱི་མི་ཚུ་གིས་ ནང་འཁོད་ཐོན་སྐྱེད་ཚུ་ ཉོ་སྤྱོད་འབད་ཚུགསཔ་བཟོ་ནིའི་ ཐབས་ལམ་བཏོན་དགོཔ་འདུག།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *