ནང་འཁོད་ཀྱི་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནི་ལུ་ རྒྱབ་སྐྱོར་འབད་དགོཔ།

༉ སོ་ནམ་ལྷན་ཁག་དང་ བསྟན་རྒྱས་ལྷན་ཁག་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ སོ་ནམ་པ་ཚུ་གིས་ རང་བཞིན་གྱི་ སོ་ནམ་ཐོན་སྐྱེད་འབད་དགོ་པའི་ ཨུ་ཚུགས་བསྐྱེདཔ་ཨིན་མས།
དེ་དང་བསྟུན་ སོ་ནམ་ལྷན་ཁག་གིས་ གཞུང་འབྲེལ་ཚོགས་སྟོན་དང་ གཞུང་འབྲེལ་ལས་རིམ་ཚུ་ནང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཚུ་རྐྱངམ་གཅིག་ལུ་ ངོས་ལེན་འབད་ནི་སྦེ་ ཐག་བཅད་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས།
སོ་ནམ་པ་ཚུ་གི་དོན་ལུ་ གཞུང་འབྲེལ་གྱི་ འཛོམས་འདུ་ཚུ་ལུ་བརྟེན་ ཁོང་རའི་ སོ་ནམ་ཐོན་སྐྱེད་ཚུ་བཙོང་ནིའི་ གོ་སྐབས་འཐོབ་ཚུགས་ནི་ཨིན་མས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ གྲོང་གཡུས་ནང་སྡོད་མི་ཚུ་གིས་ ཁོང་རའི་ སོ་ནམ་ཐོན་སྐྱེད་ཚུ་བཙོང་སའི་ ཚོང་ལམ་ལེགས་ཤོམ་ཅིག་མེད་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ དཔེ་འབད་བ་ཅིན་ ལྷུན་རྩེ་དང་ མོང་སྒར་བཟུམ་ཅིག་འབད་བ་ཅིན་ ཚོང་ལམ་མེད་མི་ལུ་བརྟེན་ ཚོད་བསྲེ་ཚུ་ སྒོ་ནོར་སེམས་ཅན་ཚུ་ལུ་ བྱིནམ་ཨིན་མས།
ཕྱོགས་གཅིག་ལས་བལྟ་བ་ཅིན་ ཐིམ་ཕུག་བཟུམ་མའི་ ཁྲོམ་སྡེ་ཚུ་ནང་ རྫས་སྦྱོར་མེད་པའི་ རང་བཞིན་གྱི་ཤིང་འབྲས་དང་ སོ་ནམ་ཐོན་སྐྱེད་ཚུ་ འཐོབ་ཚུགས་པར་ ལཱ་ཁག་རྐྱབ་ཨིན་མས།
རྒས་གཞོན་མེདཔ་ག་ར་འབད་རུང་ རང་སོའི་ གཟུགས་ཁམས་སྒྲིང་སྒྲི་བཞག་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ལས་ རྫས་སྦྱོར་ཡོད་པའི་ སོ་ནམ་ཐོན་སྐྱེད་ཚུ་ ནང་འདྲེན་འབད་མི་དང་ཕྱདཔ་ད་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ལུ་ར་ གདམ་ཁ་རྐྱབ་ཨིན་མས།
དེ་འབདཝ་ད་ གོང་ཚད་ཀྱི་ཐད་ཁར་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཚུ་ར་ མཐོ་སུ་སྦེ་ཡོདཔ་ད་ དེ་ཡང་ ག་འཆརཔ་ཟེར་ཅིན་ སོ་ནམ་པ་ཚུ་གིས་ ཁེ་སུ་སྦེ་བཙོང་རུང་ བར་ཚོང་འཐབ་མི་ཚུ་གིས་ ཁེ་བསྒྱུར་གྱི་ མནོ་བསམ་བཏང་མི་ལུ་བརྟེན་ཨིན་མས།
ཞིང་པའི་སྡེ་ཚན་ཚུ་གིས་ ཚོད་བསྲེའི་རིགས་ཚུ་ སློབ་གྲྭ་དང་ གྲྭ་ཚང་ དེ་ལས་ ཟ་ཁང་སྦོམ་ཚུ་ལུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ གཞུང་གིས་ ཐབས་ལམ་བཏོན་ཚུགས་པ་ཅིན་ ཚོང་ལམ་བཟོ་ཚུགས་ནི་ཨིན་མས།
དེ་མ་ཚད་ ཞིང་ལཱ་ལུ་བརྟེན་ དལ་ཁོམས་མེད་མི་ སོ་ནམ་པ་ཚུ་གི་དོན་ལུ་ བདུན་མཐའ་རྐྱངམ་གཅིག་མེན་པར་ བདུན་ཕྲག་རིང་ ཁོང་རའི་ སོ་ནམ་ཐོན་སྐྱེད་ཚུ་ བཙོང་བཅུག་པ་ཅིན་ སྤྱིར་བཏང་ཉོ་མི་ཚུ་ལུ་ཡང་ གོང་ཚད་ཀྱི་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་མས།
ལྷན་ཁག་གིས་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཚོང་བཀྲམ་ངོ་ཚབ་ཚུ་ལུ་ ས་གནས་ཀྱི་ཐོན་སྐྱེད་ཚུ་ ལེན་བཞག་དགོཔ་སྦེ་ སླབ་དོ་ཡོདཔ་ད་ དེ་གིས་ཡང་ སོ་ནམ་པ་ཚུ་ལུ་ ནང་འཁོད་ཐོན་སྐྱེད་ཚུ་ བཙོང་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་མས།
ཧེ་མ་དང་ཕྱདཔ་ད་ ང་བཅས་རའི་ སོ་ནམ་པ་ཚུ་ལུ་ ལྟ་བྱ་མཐོང་བྱ་དང་ ཉམས་མྱོང་ཚུ་ཐོབ་མི་ལུ་བརྟེན་ ཤིང་འབྲས་ཀྱི་རིགས་དང་ ཚོད་བསྲེའི་རིགས་ཚུ་ འབོར་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་དོ་ཡོདཔ་མ་ཚད་ ཁྲོམ་ཚོགས་ཚུ་ནང་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ གཙང་སྦྲ་དང་ལྡནམ་སྦེ་ བཟོ་བསྒྱུར་འབད་ནི་དང་ ཤོག་སྒམ་རྐྱབ་ནི་ཚུ་ ལེགས་བཅོས་འགྱོ་བའི་ཁར་ ཚོང་མགྲོན་པ་ཚུ་གིས་ཡང་ གདམ་ཁ་རྐྱབ་ཨིན་མས།
ང་བཅས་ར་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་དང་ ལག་བཟོའི་ཅ་ཆས་ དེ་ལས་ ཐགས་བཟོའི་ཟོང་ཆས་ཚུ་འབད་རུང་ ཚོང་འབྲེལ་ས་ཁོངས་ཚུ་ནང་ འོས་འབབ་ལྡན་པའི་གོང་ཚད་རྐྱབ་པ་ཅིན་ ཚོང་མགྲོན་པ་ཚུ་གིས་འབད་རུང་ ཉོ་ཚུགས་ནི་ཨིནམ་ལས་ མཐའན་མཇུག་ཁར་ ཚོང་འབྲེལ་ཡུན་བརྟན་གནས་ཚུགས།

About admin

Check Also

བསམ་གྲུབ་ལྗོངས་མཁར་གྱི་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༨ ལས་ བསམ་གྲུབ་ལྗོངས་མཁར་གྱི་ ས་གོ་གཞན་ཁའི་ སློབ་གྲྭ་ཁག་ཚུ་ ལོག་སྒོ་ཕྱེས་ཡོད་རུང་ སློབ་ཕྲུག་ཨ་ལོ་ཚུ་ བདུན་ཕྲག་༡ གི་རིང་ ཟུར་བཞག་འབད་ཡོདཔ་ལས་ སློབ་ཕྲུག་མང་ཤོས་ར་ སྤྱི་ཟླ་༡༠ པའི་ཚེས་༤ …

Leave a Reply

Your email address will not be published. Required fields are marked *