ནགས་མེ་སྔོན་འགོག་འབད་ནིའི་འགན་ཁུར་ འདྲ་མཉམ་འབག་དགོཔ།

༉ ནགས་ཚལ་མེ་རྐྱེན་ཚུ་ མང་ཤོས་ར་ གནམ་དགུན་གྱི་དུས་ཚོད་འདི་ནང་ བྱུང་དོ་ཡོདཔ་བཞིན་དུ་ འདས་པའི་བདུན་ཕྲག་ནང་ བཀྲིས་སྒང་ལུ་ ནགས་ཚལ་ཨེ་ཀར་ལས་བཅད་དེ་ མེ་རྐྱེན་གྱིས་ མེདཔ་བཏང་ཡོདཔ་མ་ཚད་ ཐིམ་ཕུག་དང་ སྤ་རོ་ལུ་ཡང་ ནགས་ཚལ་མེ་རྐྱེན་བྱུང་ཡི།

ནགས་མེ་ཤོར་མིའི་རྒྱུ་རྐྱེན་ ལེ་ཤ་ཡོད་པའི་ནང་ལས་ ང་བཅས་ཀྱིས་ གནམ་གཤིས་ལུ་ ཁ་ཉེས་བཀལ་དོ་ཡོད་རུང་ རྒྱུ་རྐྱེན་ངོ་མ་ར་ འགྲོ་བ་མིའི་སྣང་མེད་ལུ་བརྟེན་ བྱུང་དོ་ཡོད་པའི་ ཤེས་རྟོགས་འབྱུང་དགོཔ་ཨིན།

འཛམ་གླིང་བརྟག་ཞིབ་དང་འཁྲིལཝ་ད་ ནགས་ཚལ་མེ་རྐྱེན་བརྒྱ་ཆ་༨༥ དེ་ཅིག་ དཔེ་འབད་བ་ཅིན་ མེ་འཕུ་ཞིནམ་ལས་ མ་བསད་པར་བཞག་མི་དང་ ཏམ་ཁུའི་འཚིགས་རོ་ རག་རོ་ཚུ་ ལེགས་ཤོམ་སྦེ་ མེ་མ་བཏང་མི་ལུ་བརྟེན་ བྱུངམ་མས་ཟེར་ཨིན་མས།

ལོ་ངོ་བཅུ་ཕྲག་༡ ནང་ འབྲུག་ལུ་ ནགས་ཚལ་མེ་རྐྱེན་༡,༤༠༠ ལྷགཔ་ཅིག་བྱུང་ཡོདཔ་ད་ དེ་ཡང་ གནམ་དགུན་གྱི་དུས་ཚོད་ལུ་ ང་བཅས་ར་ མི་གི་འཐུས་ཤོར་ལུ་བརྟེན་ བྱུང་ཡོདཔ་ཨིན་མས།

འབྲུག་ལུ་ ནགས་མེ་རྐྱངམ་གཅིག་མེན་པར་ སྒར་བཅགས་སྡོད་མི་ ས་ཁོངས་ཚུ་ནང་ཡང་ འཕྲལ་འཕྲལ་སྦེ་ར་ མེ་རྐྱེན་བྱུང་མི་ལུ་ལྟཝ་ད་ ང་བཅས་རའི་ ཁྲོམ་སྡེ་ཚུ་གི་ མཐའ་འཁོར་ལས་ཕར་ སྦ་སྒོར་རྐྱབ་སྡོད་མི་ ཡར་སེང་འགྱོ་མི་དེ་ ཚ་གྱང་ཅན་ཅིག་ཨིན་མས།

སྦ་སྒོར་སྤུངས་འཛོམས་སྦེ་ཡོད་མི་ཚུ་ནང་ མེ་རྐྱེན་བྱུངམ་ད་ར་ མང་ཤོས་ཅིག་གིས་ གློག་རྒྱུན་ལུ་བརྟེན་བྱུང་ཡོད་པའི་ ཁ་ཉེས་བཀལཝ་ཨིན་མས།

ཁྲོམ་གྱི་མཐའ་འཁོར་ལས་ཕར་ ལོ་གཅིག་བ་ལོ་གཅིག་ སྦ་སྒོར་མང་སུ་སྦེ་ མཐོང་གསལ་བྱུང་མིའི་ ས་ཁོངས་ཚུ་ནང་ གལ་སྲིད་མེ་རྐྱེན་ངོ་མ་དེ་ར་ གློག་རྒྱུན་ལུ་བརྟེན་ བྱུང་དོ་ཡོད་པའི་ ཁ་ཉེས་བཀལ་བ་ཅིན་ དང་པ་ར་ སྦ་སྒོར་ཚུ་ ག་ལྷོད་རྐྱབ་བཅུག་ནི་ལས་ འཛེམ་ཐབས་འབད་དགོཔ་འདུག།

ད་རེས་ རྒྱལ་ཁབ་ནང་ ཁྱད་རིག་མེད་པའི་ གློག་ཐག་བཙུགས་མི་དེ་ཡང་ ཉེན་ཁ་སྦོམ་ཤོས་ཅིག་སྦེ་ ཐོན་ཡོདཔ་ད་ དེ་ཡང་ འགན་ཁུར་ཅོག་འཐདཔ་འབག་མི་ ལེ་ཤ་ཐོན་མི་ལུ་བརྟེན་ དེ་བཟུམ་མའི་ གློ་བུར་རྐྱེན་ངན་བྱུང་མི་དེ་ ཀུན་གྱིས་མཁྱེན་གསལ་ཆེ།

ང་བཅས་ཀྱིས་ འཕྲལ་འཕྲལ་སྦེ་ར་ མེ་བསད་མི་ཚུ་ ཚགས་ཁར་མི་ཚུད་པས་ཟེར་ ཁ་ཉེས་བཀལ་མི་དེ་ འཛོལ་བ་ཅིག་སྦེ་ མཐོངམ་ཨིན་མས།

ག་ཅི་འབད་དགོཔ་སྨོ་ཟེར་བ་ཅིན་ ང་བཅས་རའི་ ཁྲོམ་སྡེ་ཚུ་གི་ གཞི་བཀོད་དང་ འཛིན་སྐྱོང་ལམ་ལུགས་ནང་ བསྒྱུར་བཅོས་འབད་དགོཔ་ད་ དཔེ་འབད་བ་ཅིན་ ཁྲོམ་གྱི་ས་གོ་ཚུ་ནང་ མེ་བསད་ནིའི་ ཆུ་གཏོར་འཕྲུལ་ཆས་ཚུ་ གཞི་བཙུགས་འབད་དགོཔ་འདུག།

སྤྱི་ལོ་༢༠༡༧ ལུ་ ཐིམ་ཕུག་གི་དོན་ལས་ འགོ་དང་པ་ ངོ་ཚབ་ལས་སྡེ་ནང་འཁོད་ཀྱི་ ཚད་ལྡན་ལག་ལེན་ལམ་ལུགས་ཅིག་ བཟོ་ཡོདཔ་མ་ཚད་ ལག་ལེན་འཐབ་ཡོདཔ་ད་ ལམ་ལུགས་འདི་གི་འོག་ལུ་ ངོ་ཚབ་ལས་སྡེ་ནང་འཁོད་ཀྱི་ ནགས་མེ་མཉམ་འབྲེལ་སྡེ་ཚན་བཟོ་ཡོདཔ་བཞིན་དུ་ དེ་ནང་ འབྲེལ་ཡོད་དབང་འཛིན་ཚུ་ལས་ འཐུས་མི་ཚུ་ཡོདཔ་ཨིན།

མེ་རྐྱེན་བཀག་ཐབས་དང་ ཚད་འཛིན་འབད་ནིའི་དོན་ལུ་ འདི་བཟུམ་མའི་ མཉམ་འབྲེལ་སྡེ་ཚན་གྱི་ འགན་འཁྲི་དང་ལག་ལེན་ཚུ་ ལྷག་པར་དུ་ རྩ་བརྟན་དང་ ཕན་ནུས་ཅན་སྦེ་ བཟོ་ཚུགས་པ་ཅིན་ བློ་བདེ་ནི་ཨིན་མས།

འདི་དང་འདྲཝ་སྦེ་ ང་བཅས་ར་ འབྲུག་མི་རེ་རེ་བཞིན་དུ་གིས་ མེ་རྐྱེན་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ དུས་རྒྱུན་དུ་ དྲན་ཤེས་བཏོན་དགོཔ་འདུག།

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *