༉ གནམ་དགུན་གྱི་ ངལ་གསོ་སྐབས་ ན་གཞོན་ལེ་ཤ་ཅིག་གིས་ར་ སྤྲོ་སྟོན་ལས་སྣ་ཚུ་ནང་ འབྲེལ་འཛིན་འབདཝ་ཨིན་རུང་ སྤ་རོ་རྫོང་ཁག་གི་ ས་གོ་ཅིག་ནང་ ན་ཆུང་སྡེ་ཚན་ཅིག་གིས་ ལྟ་བཤལཔ་ཚུ་གི་དོན་ལུ་ དོ་སྐྱེལ་མི་སྦེ་ ལཱ་འབདཝ་ཨིན་པས།
དེ་ཡང་ ན་ཆུང་ཚུ་གི་གྲས་ལས་ སྐྱེས་ལོ་༡༡ ལང་མི་ ཀུན་བཟང་ཡེ་ཤེས་ཤེས་རབ་ཀྱིས་ ཡོངས་གྲགས་ཅན་གྱི་ སྤ་རོ་སྟག་ཚང་གི་རྩ་བར་ ས་གནས་རམ་ཐང་ཀ་ལས་ གྱེན་ལམ་བདའ་སྟེ་ ལྟ་བཤལཔ་སྡེ་ཚན་ཅིག་ ཁྱིད་འགྱོཝ་ཨིན་པས།
འབྲུག་རྒྱལ་སློབ་གྲྭ་ལྟེ་བའི་ནང་ སློབ་རིམ་༥ པའི་སློབ་ཕྲུག་ ཀུན་བཟང་ཡེ་ཤེས་དེ་ བཙན་ཏོག་ཤ་རི་གཡུས་ཚན་ལས་ཨིནམ་ད་ ཁོ་གིས་ ངལ་གསོ་དང་ བདུན་མཐའ་ཚུ་ནང་ དོ་སྐྱེལ་མི་སྦེ་ ལཱ་འབདཝ་ཨིན་པས།
བུཚ་དེ་གིས་ བཟའ་ཚང་གི་ བཞོན་རྟ་དང་འབྲེལ་བའི་ ཚོང་འབྲེལ་འཐབ་ནིའི་ནང་ ཁོ་རའི་ཨའི་ལུ་ ཆ་རོགས་འབད་དོ་ཡོདཔ་ད་ དོསཔ་སྦེ་ལཱ་འབདཝ་ད་ སྤྲོ་བ་བྱུངམ་མ་ཚད་ ཁོ་རའི་ གཟུགས་ཁམས་འཕྲོད་བསྟེན་ སྒྲིང་སྒྲི་བཞག་ནི་ལུ་ ལྷན་ཐབས་བྱུངམ་དང་གཅིག་ཁར་ འོང་འབབ་ཡང་ བཟོ་ཚུགས་པས་ཟེར་ཀུན་བཟང་ཡེ་ཤེས་ཀྱིས་ བཤདཔ་ཨིན་པས།
ཀུན་བཟང་གིས་ ལོ་འཁོར་ཆོས་རྒྱུགས་དེ་ འདས་པའི་བདུན་ཕྲག་ནང་ མཇུག་བསྡུ་བའི་ཤུལ་ལུ་ རྟ་ཚུ་བདའ་སྟེ་ རམ་ཐང་ཀ་ལུ་ དྲོ་པ་ཆུ་ཚོད་༤ ལུ་ལྷོད་ཡོདཔ་ད་ ཁོ་གིས་ ཁོ་ དྲོ་པ་ཧ་སག་ འོང་མི་དེ་ ས་ཁོངས་དེ་ནང་ ལྟ་བཤལཔ་ལ་ལོ་ ཧ་སག་ལྷོད་མི་ལུ་བརྟེན་ཨིན་ཟེར་ བཤད་པའི་ཁར་ ཉིནམ་གཅིག་ལུ་ དུས་རྒྱུན་དུ་ སྐྱེལ་འདྲེན་ཚར་གཉིས་མེན་པར་ ཚར་གསུམ་འབད་ནི་གི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།
ཀུན་བཟང་གིས་ ངལ༌གསོ༌སྐབས༌ དུས་ཚོད་འཕྲོ་བརླག་མི་གཏང༌ནིའི་དོན་ལུ་ ན་ཧིང་ལས་ ཨའི་ལུ་ཆ༌རོགས༌འབད༌ནི༌ འགོ་བཙུགས་ཡོདཔ་ད་ དེ་བསྒང་ ཁོ་གི་ དུས༌ཚོད༌མང༌ཤོས༌ར་ ཁྱིམ༌ནང༌ ཉལ༌སྡོད་ནི༌དང༌ ཡང་ཅིན་ ཆ༌རོགས༌ཚུ༌དང༌ ཕུཊ་བཱོལ་རྩེད༌འགྲན་འབད་དེ་ སྡོད་ཡི་ཟེར༌ ཁོ་གིས་ བཤདཔ༌ཨིན༌པས།
ངེ་གི་ ཨ་པའི་རྐངམ་ཅིག་ལུ་ དཀའ་ངལ་ཡོདཔ་ལས་ ཨའི་ལུ་ ཆ་རོགས་འབད་མི་གཞན་མེད་པར་ ཁོ་ར་ ཨའི་དང་གཅིག་ཁར་ ལཱ་འབད་ནི་ འགོ་བཙུགས་ཅི་ཟེར་ ཀུན་བཟང་ཡེ་ཤེས་ཀྱིས་ བཤདཔ་ཨིན་པས།
མ་གཞི་ ཨའི་གིས་ ཀུན་བཟང་ལུ་ ལཱ་འབད་བའི་ ཏི་རུ་ལོགས་སུ་སྦེ་ བྱིན་ནི་མེད་རུང་ སྟང་ཚང་ལུ་ ཚར་རེ་འགྱོཝ་ད་ གླ་ཆ་དངུལ་ཀྲམ་༣༠༠ རེ་ ཐོབ་མ་ཚད་ རེ་ཚེ་སྐབས་ གསོལ་རས་དངུལ་ཀྲམ་༡༠༠ ལས་༡,༠༠༠ ཚུན་ འཐོབ་ནི་ཡོདཔ་ཨིན་པས།
ཀུན་བཟང་གིས་ སླབ་མི་ནང་ ངལ་གསོའི་སྐབས་ དོ་སྐྱེལ་མི་སྦེ་ ལཱ་འབད་མི་ ཁོ་ར་རྐྱངམ་གཅིག་མེན་པར་ ན་ཆུང་སྐྱེས་ལོ་༥ ལས་འགོ་བཟུང་སྟེ་ ལེ་ཤ་ཡོད་ཟེར་ཨིན་པས།
གཡུས་གཅིག་ལས་ སྐྱེས་ལོ་༡༡ ལང་མི་ བདུད་འཇམ་རྣམ་མཚོ་ཡང་ ཀུན་བཟང་དང་ ཆ་རོགས་གཞན་ཚུ་དང་གཅིག་ཁར་ ལྟ་བཤལཔ་ཚུ་ སྟག་ཚང་ཡར་མར་ སྐྱེལ་འདྲེན་འབད་ནི་གི་ ལཱ་འབད་དོ་ཡོདཔ་ཨིན་པས།
འབྲུག་རྒྱལ་སློབ་གྲྭ་ལྟེ་བའི་ སློབ་རིམ་༣ པའི་སློབ་ཕྲུག་དེ་གིས་ སླབ་མིའི་ནང་ ངལ་གསོའི་སྐབས་ ཆ་རོགས་ག་ར་ ཚོང་འབྲེལ་ནང་ འབྲེལ་གཏོགས་འབདཝ་ད་ ཁོ་ར་རྐྱངམ་གཅིག་ ཁྱིམ་ནང་སྡོད་དེ་ ཁུངས་མིན་འདུག་ཟེར་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་ནོར་བུ།