ན་གཞོན་ཚུ་ལུ་ གློག་རིག་ཀམ་པུས་ཊར་ལས་རིམ་གྱི་ གཞི་རྟེན་སྦྱོང་བརྡར།

༉ མི་མང་ཤོས་ཅིག་གིས་ རྒྱ་ལམ་ལས་བརྒལ་ རྒྱུན་འགྲུལ་མ་འཐབ་མི་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་ནི་དེ་ ལཱ་ཁག་ཅིག་མེནམ་ད་ དེ་ཡང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ བསྟན་འཛིན་སྒྲོལ་མ་གིས་ འཕྲལ་ཁམས་ཅིག་ཁར་ མི་མང་གིས་ གདམ་ཁ་མི་རྐྱབ་ནི་ཨིན་མི་ ས་གོ་ནང་འཛུལ་ནིའི་ གདམ་ཁ་རྐྱབ་ནུག།
དེ་ཡང་ བསྟན་འཛིན་སྒྲོལ་མ་གིས་ འཕྲལ་མགྱོགས་ར་ རྒྱལ་ཁབ་ནང་ ཀམ་པུས་ཊར་ལས་རིམ་ ཀོཌི་འབྲི་ནིའི་དོན་ལུ་ མཐོ་རིམ་སློབ་གྲྭ་ཅིག་ནང་ འཛུལ་ཞུགས་འབད་ནི་ཨིནམ་ད་ ད་ལྟོ་མོ་ར་ དགེ་ལེགས་ཕུག་ན་གཞོན་ལྟེ་བའི་ནང་ པའི་ཊོབ་ཟེར་མི་ སྦྱོང་ཚན་ལེབ་ཊོབ་ཀྱི་ སྦྱོང་བརྡར་བྱིན་མི་ཅིག་ ཨིན་པས།
མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་སྦྱང་པའི་སྐབས་ ཆོས་ཚན་དེ་ནང་ འཕྲུལ་རིག་དང་འབྲེལ་བ་ཡོད་པ་ཅིན་ ངེས་པར་དུ་ ལཱ་ཁག་གཏང་དགོཔ་ཨིན་རུང་ མོ་གིས་འབད་བ་ཅིན་ ཀམ་པུས་ཊར་དེ་ མོ་རའི་ ཁྱད་རིག་ཡོད་པའི་ ཆོས་ཚན་ཅིག་མེན་རུང་ མོ་གིས་ འདས་པའི་ཟླཝ་ནང་ ཐིམ་ཕུག་ལུ་ ཀམ་པུས་ཊར་ཀོ་ཌིང་དང་ ལས་རིམ་གྱི་སྦྱོང་བརྡར་ནང་ བཅའ་མར་གཏོགས་པའི་ཤུལ་ལས་ མོ་གི་མནོ་ལུགས་ལུ་ བསྒྱུར་བཅོས་ཡར་སོ་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་ཚུན་ ཀམ་པུས་ཊར་གྱི་ལཱ་འབད་ཐང་དང་ རང་གི་ལཱ་འཇམ་ཏོང་ཏོ་བཟོ་ནིའི་དོན་ལུ་ འཕྲུལ་ཆས་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ནའི་སྐོར་ལས་རྐྱངམ་གཅིག་ སློབ་སྟོན་འབད་ཡོདཔ་མ་གཏོགས་ ལག་ལེན་འཐབ་མི་གིས་ བཀོད་རྒྱ་དེ་གཏངམ་ད་ ཀམ་པུས་ཊར་ནང་ན་ ག་དེ་སྦེ་ ལཱ་འབད་དོ་གའི་སྐོར་ལས་ ག་གིས་ཡང་ ཤེས་ཡོན་མ་སྦྱིན་ཟེར་ཨིན་པས།
བསྟན་འཛིན་སྒྲོལ་མ་གིས་ སླབ་མིའི་ནང་ ཀམ་པུས་ཊར་ཀོ་ཌིང་དེ་ ད་ཚུན་ ཆོས་ཚན་དེ་ ལཱ་ཁག་ཅིག་ཨིན་པའི་སྐོར་ལས་ མནོ་བསམ་བཏང་མི་དང་ཕྱདཔ་ད་ དོན་ངོ་མ་ནང་ ལེ་ཤ་གིས་ འཇམ་ཏོང་ཏོ་འདུག་ཟེར་ཨིནམ་ད་ ཧེ་མ་ ལྷབ་ནིའི་གོ་སྐབས་མ་ཐོབ་ནི་དེ་གིས་ དེ་གི་སྐོར་ལས་ མནོ་བསམ་རང་ མ་བཏང་ཟེར་ཨིན་པས།
ད་རེས་ནངས་པར་ དགེ་ལེགས་ཕུག་ན་གཞོན་ལྟེ་བ་གིས་ འབྲུག་ཕེབ་ལེབ་དང་ འཛམ་གླིང་རྒྱལ་སྤྱི་ཨ་ལོའི་གློ་བུར་མ་དངུལ་དང་ མཉམ་འབྲེལ་ཐོག་ལས་ ཉིན་གྲངས་༥ གི་རིང་ པའི་ཊོབ་ལེབ་ཊོབ་ཐོག་ཁར་ གཞི་རྟེན་ཀམ་པུས་ཊར་པོ་རོ་ག་ར་མིང་དང་ ཀོ་ཌིང་རིག་རྩལ་ལག་ལེན་འཐབ་ཐངས་ཀྱི་ སྦྱོང་བརྡར་བྱིན་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་བྱིན་མི་ འབྲུག་ཕེབ་ལེབ་ནང་ལས་ ནཱན་ཌ་ཀུ་མར་ གུ་རུང་གིས་ སླབ་མིའི་ནང་ ད་རེས་ནངས་པར་ རྒྱལ་ཁབ་ནང་ འཕྲུལ་རིག་ཚུ་ གོང་འཕེལ་འགྱོ་བའི་རྒྱལ་ཁབ་ཚུ་དང་ འདྲ་མཚུངས་སྦེ་ར་ ལག་ལེན་འཐབ་ཨིན་རུང་ ཁྱད་རིག་གི་རིག་རྩལ་གྱི་ཐད་ལུ་ དུམ་གྲ་ཅིག་ སྐྱོ་དྲགས་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ང་བཅས་ལུ་ གསར་གཏོད་འབད་ནིའི་ འོས་འབབ་ཡོདཔ་མ་ཚད་ ད་ལྟོ་ མི་གི་མནོ་ཐངས་ལུ་ བསྒྱུར་བཅོས་འགྱོ་དོ་ཡོདཔ་བཞིན་དུ་ ལྷབ་ནི་དང་ ལོག་ལྷབ་ནིའི་དང་འདོད་བསྐྱེདཔ་མས་ཟེར་ ཨིན་པས།
འཛམ་གླིང་རྒྱལ་སྤྱི་ཨ་ལོའི་གློ་བུར་མ་དངུལ་གྱི་ ན་གཞོན་དང་ན་ལོན་གོང་འཕེལ་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ད་ཚུན་ ན་གཞོན་ཚུ་གི་དོན་ལུ་ གོ་སྐབས་ཚད་ཅིག་ལས་མེད་ནི་དེ་གིས་ གདོང་ཁར་འཐོན་མི་མངམ་མེདཔ་ལས་ སྦྱོང་བརྡར་ལུ་བརྟེན་ ན་གཞོན་ཚུ་ལུ་ འཕྲུལ་རིག་ལག་ལེན་འཐབ་ནིའི་ དབང་ཆ་བྱིན་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་ན་གཞོན་ལྟེ་བའི་ འཛིན་སྐྱོང་པ་ སི་བི་སུ་བྷ་གིས་ སླབ་མིའི་ནང་ ད་ཚུན་ ན་གཞོན་ལྟེ་བ་ནང་ དེ་བཟུམ་གྱི་སྦྱོང་བརྡར་ མ་འཐབ་རུང་ དེ་གིས་ ན་གཞོན་ཚུ་གི་ རང་སོའི་རིག་རྩལ་ཡར་དྲགས་གཏང་སྟེ་ རང་སོའི་ཁེ་ཕན་གྱི་དོན་ལུ་ ལག་ལེན་འཐབ་ནིའི་ གོ་སྐབས་ཅིག་ཨིན་མས་ཟེར་ ཨིན་པས།
སྦྱོང་བརྡར་ནང་བཅའ་མར་གཏོགས་མི་ རིགས་སྐྱིད་དཔལ་སྒྲོན་གྱིས་ སླབ་མིའི་ནང་ ད་རེས་ཀྱི་དུས་ལུ་ འཕྲུལ་རིག་དེ་ མེད་ཐབས་མེདཔ་ཅིག་ལུ་ འགྱུར་སོཔ་ལས་ དེ་ཚུ་ ག་དེ་སྦེ་ ལཱ་འབད་དོ་ག་ ཤེས་དགོཔ་ཁག་ཆེ་བས་ཟེར་ ཨིན་པས།
ཁ་ཙ་ ་མཇུག་བསྡུ་མི་ སྦྱོང་བརྡར་ལས་རིམ་དེ་ནང་ ན་གཞོན་༢༧ གྱིས་ བཅའ་མར་གཏོགས་དོ་ཡོདཔ་བཞིན་དུ་ ཁོང་གི་གྲངས་སུ་ ཕོ་སྐྱེས་༥ ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག། དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *