ན་གཞོན་ཚུ་གི་ མི་ཚེ་གསརཔ་འགོ་བཙུགས་ནི་ལུ་ རྩ་འགེངས་དོ་ཡོདཔ།

༉ ཇ་པཱན་ལུ་ ལཱ་འབད་ནི་དང་འབྲེལ་ ཤེས་ཡོན་སྦྱང་པར་སོང་མི་ ན་གཞོན་མང་ཤོས་ར་ རྒྱལ་ཁབ་ནང་ ལྷོད་ཡོདཔ་ལས་ ན་གཞོན་ལ་ལོ་ཅིག་གིས་ མི་ཚེ་གསརཔ་འགོ་བཙུགས་ནིའི་དོན་ལུ་ འཆར་གཞི་དང་ ལས་རིམ་ཚུ་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ ན་གཞོན་དང་ ཕམ་ཚུ་གིས་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ མཇལ་ཕྲད་ཞུ་བའི་སྐབས་ ད་ལས་ཕར་ ཐབས་ཤེས་གསརཔ་དང་ གནས་སྐབས་གསརཔ་བཏོན་ཐོག་ གྲོས་བསྟུན་འབད་ཞིནམ་ལས་ མཉམ་རུབ་ཀྱི་ ལཱ་འབད་ནིའི་སྐོར་ གྲོས་བསྡུར་འབད་ཡི།
ད་ལྟོ་ བུམ་ཐང་རྫོང་ཁག་ནང་ སློབ་དཔོན་སྦེ་ ཕྱག་ཞུ་མི་ ཚེ་རིང་གཡང་སྐྱིད་ཀྱིས་ སླབ་མིའི་ནང་ ན་གཞོན་ཚུ་ ད་ལྟོ་ཚུན་ ལཱ་ག་ནི་ཡང་ འབད་ནི་མེད་པར་ སྐྱིན་འགྲུལ་བཏབ་མ་ཚུགསཔ་དང་ རྩོད་རྙོགས་ཀྱི་གནད་དོན་གུ་ གྲོས་བསྡུར་དང་ སྐད་རྐྱབ་སྡོད་སར་ མཐོངམ་མས་ཟེར་ཨིན་པས།
མོ་ར་ ཇ་པཱན་ལས་ རྒྱལ་ཁབ་ནང་ ལོག་འོང་སྟེ་ ལོ་༡ ལང་ཡོདཔ་ད་ མ་གཞི་ ཇ་པཱན་ལུ་ ག་དེམ་ཅིག་དཀའཝ་སྤྱད་ཡོདཔ་ཨིན་ན་དང་ གནས་སྟངས་སྐྱོ་དྲགས་ཅན་ནང་ གདོང་ལེན་འབད་དེ་ སྡོད་མི་དང་ཕྱདཔ་ད་ འབྲུག་ལུ་ ལཱ་འབད་མི་དེ་ ག་ནི་ཡང་མེནམ་ ཤེས་ཞིནམ་ལས་ འཆར་གཞི་དང་ ལས་རིམ་བརྩམས་ཐོག་ལས་ ལཱ་འབད་དོ་ཟེར་ ཚེ་རིང་གཡང་སྐྱིད་ཀྱིས་ ཞུ་ཡི།
མོ་གིས་འབད་བ་ཅིན་ གཞུང་གིས་ ཆ་རོགས་འབད་ནི་དང་ ལཱ་གཡོག་གི་ གོ་སྐབས་ལུ་ དུས་ཚོད་འཕྲོ་བརླག་བཏང་སྟེ་ སྒུག་མ་སྡོད་པར་ ད་ལྟོ་ལས་ར་ རང་གི་ལྕོགས་གྲུབ་དང་འཁྲིལ་བའི་ ལས་སྣ་ཚུ་ བརྩམས་ཐོག་ལས་ ལཱ་འབད་ནི་ འགོ་བཙུགས་པ་ཅིན་ ཕན་ཐོགས་ཡོད་ཟེར་ཨིན་པས།
ཚེ་རིང་གཡང་སྐྱིད་ཀྱིས་ སླབ་མིའི་ནང་ ན་གཞོན་ཚུ་ ལཱ་གཡོག་གི་ ས་སྟོང་གསལ་བསྒྲགས་དང་འཁྲིལ་ འགོ་དཔོན་ཚུ་དང་ དྲི་བ་དྲིས་ལན་འབདཝ་ད་ ཇ་པཱན་ལས་ མཐར་འཁྱོལ་འོང་ཡི་ཟེར་ སླབ་པའི་སྐབས་ དབའི་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་འོང་ ཡང་ཅིན་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་གཏང་འོང་ཟེར་ འདྲོག་སྣང་ཡོད་ལུགས་ སླབ་མི་འདུག་ཟེར་ཨིན་པས།
བློན་ཆེན་ལུ་ ཞུ་མིའི་ནང་ ལཱ་གཡོག་བློན་པོ་ ཨྱོན་རྡོ་རྗེ་གིས་ ཇ་པཱན་ལུ་ ན་གཞོན་ཚུ་དང་ཕྱད་པའི་སྐབས་ སོ་ནམ་དང་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་འབད་ནི་གི་ སྤྲོ་བ་ཡོད་པ་ཅིན་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༢༥,༠༠༠ བྱིན་འོང་ སླབ་ཡོདཔ་བཞིན་དུ་ འདི་བཟུམ་གོ་སྐབས་ཡོད་པ་ཅིན་ ཟླ་རིམ་སྐྱིན་ཚབ་དངུལ་ཀྲམ་༡༤,༠༠༠ བཏབ་ཚུགས་ནི་མས་ཟེར་ ཚེ་རིང་གཡང་སྐྱིད་ཀྱིས་ ཞུ་ཡི།
ན་གཞོན་ཅིག་གིས་ ན་གཞོན་ཚུ་གི་ སེམས་ཁ་ལུ་ རྒྱལ་ཁབ་ནང་ ལཱ་གཡོག་གི་ གོ་སྐབས་མེདཔ་ལས་ སྐྱིན་ཚབ་ག་དེ་སྦེ་ བཏབ་ཚུགས་ག་ཟེར་བའི་ ཚ་གྱང་ཡོད་རུང་ ཐབས་ལམ་བཏོན་ཏེ་ ལཱ་འབད་མི་མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཇ་པཱན་ལུ་ དཀའཝ་ག་དེ་སྦེ་སྤྱད་ཡོདཔ་ཨིན་ན་ སེམས་ཁར་བཞག་ཞིནམ་ལས་ རྩ་འགེངས་ཏེ་ ལཱ་འབད་ནི་གི་ ཐབས་ལམ་ཚུ་ བཏོན་དོ་ཟེར་ ཁོ་གིས་ ཞུ་ཡི།
དེ་བཟུམ་སྦེ་ ན་གཞོན་ལ་ལོ་ཅིག་གིས་ བློན་ཆེན་ལུ་ ཞུ་མིའི་ནང་ སྐྱིན་ཚབ་བཏབ་ནིའི་དོན་ལུ་ ལཱ་འབད་རུང་ འཐོན་སའི་ས་གོ་དང་ ལྕོགས་གྲུབ་མེདཔ་ལས་ དཀའ་ངལ་འདུག་ཟེར་ཨིནམ་ད་ དེ་འབདཝ་ལས་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཕར་འགྱངས་འབད་ནི་དང་ སྐྱེད་མར་ཕབ་ཀྱི་ ཐབས་ཤེས་སྒྲིག་གནང་ཟེར་ཨིན་པས།
ན་གཞོན་དང་ ཕམ་ཚུ་གིས་ བློན་ཆེན་དང་ མཇལ་ཕྲད་ཞུ་མི་དེ་ ལོ་བསྟར་རྒཔོ་ཚུ་གི་ ཞལ་འཛོམས་འཚོགས་པའི་སྐབས་ ལཱ་གཡོག་བློན་པོ་གིས་ ཇ་པཱན་ལུ་ ལཱ་གཡོག་འབད་ནི་དང་འབྲེལ་ ཤེས་ཡོན་སྦྱང་པར་སོང་མི་ ན་གཞོན་ཚུ་གི་ གནད་དོན་གུ་ གསལ་བཤད་འབད་མི་ལུ་བརྟེན་ཨིན་པས།
ཇ་པཱན་ལུ་ཡོད་མི་ བསོད་ནམས་ཏ་མང་གི་ཐད་ལུ་ གཞུང་གིས་ འབད་ཚུགསཔ་ཅིག་ ཆ་རོགས་འབད་དོ་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ན་གཞོན་ཚུ་ ཇ་པཱན་ལུ་བཏང་མི་ ལས་སྡེའི་རྩོད་དོན་དེ་ ཁྲིམས་སྲུང་འགག་སྡེ་གིས་ ལཱ་འབད་ཡོདཔ་བཞིན་དུ་ གཞུང་གི་ཧོངས་ལས་ རྒྱབ་སྐྱོར་གང་དྲག་འབད་དོ་ཡོདཔ་མ་ཚད་ ན་གཞོན་ཚུ་གི་དོན་ལས་ གཞུང་གིས་ ཕྱག་ལཱ་ག་ནི་ཡང་ མ་གནང་པར་ སྡོདཔ་མེན་ཟེར་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ལཱ་གཡོག་ལྷན་ཁག་གི་ བློན་པོ་དང་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ དེ་ལས་ ལཱ་གཡོག་ཡོངས་ཁྱབ་མདོ་ཆེན་གྱི་ གནད་དོན་ནང་ གཞུང་གིས་ བར་འཛུལ་འབད་བའི་ ཁ་ཉེས་བཀོད་ཡོད་རུང་ ད་ལྟོ་ཚུན་ གཞུང་གིས་ བར་འཛུལ་མ་འབད་ཟེར་ཨིནམ་མ་ཚད་ རྩོད་བཤེར་དེ་ ཁྲིམས་འདུན་ལུ་ ལྷོད་ཡོདཔ་ལས་ ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་མི་དང་བསྟུན་ མཛད་འོང་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཕར་འགྱངས་དང་ སྐྱེད་མར་ཕབ་རྐྱབ་ནིའི་དོན་ལུ་ གཞུང་གིས་ ད་རུང་ འབྲུག་གོང་འཕེལ་དངུལ་དང་གཅིག་ཁར་ གྲོས་བསྟུན་འབད་འོང་ཟེར་ཨིན་པས།
དཀའ་ངལ་དང་ གདོང་ལེན་ཚུ་ སེལ་ཐབས་ལུ་ ད་ལས་ཕར་ གཞུང་དང་གཅིག་ཁར་ སྡོད་ཐོག་ལས་ གྲོས་བསྟུན་འབད་ནི་དང་ ན་གཞོན་ཚུ་གིས་འབད་རུང་ ལས་འཆར་དང་ ཚོང་ལཱ་ཚུ་ བརྩམ་དགོཔ་སྦེ་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *