རྐང་རྩེད་ཕུཊ་སཱལ་རྩེད་འགྲན་འབད་བའི་བསྒང་།

ན་གཞོན་༡༠༠ ལྷགཔ་ཅིག་གིས་ རྐང་རྩེད་ཕུཊ་སཱལ་རྩེད་འགྲན་ནང་ བཅའ་མར་གཏོགས་ཡོདཔ།

༉ བཀྲིས་སྒང་ལུ་ རྐང་རྩེད་ཕུཊ་སཱལ་རྩེད་ནིའི་དོན་ལུ་ རྩེད་ཐང་མེད་རུང་ སྤྲོ་བ་ཡོད་མི་ཚུ་གིས་ ཐང་ཆུང་ཀུ་ནང་ རྩེད་འགྲན་འབདཝ་ཨིན་པས།
བཀྲིས་སྒང་ན་གཞོན་ལྟེ་བ་གིས་ དུས་ཅི་ ཕུཊ་སཱལ་རྩེད་འགྲན་ འགོ་འདྲེན་འཐབ་མིའི་ནང་ མོང་སྒར་དང་ བཀྲིས་གཡང་རྩེ་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བཀྲིས་སྒང་ལས་ སྡེ་ཚན་༡༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ ན་གཞོན་སློབ་ཕྲུག་ཙང་ཙ་ཨིན་པས།
རྩེད་འགྲན་འགོ་འདྲེན་འཐབ་དགོ་མི་དེ་ཡང་ མི་དབང་རྒྱལ་སྲས་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུ་ནི་དང་འབྲེལ་ ན་གཞོན་ཚུ་ གནམ་དགུན་གྱི་ངལ་གསོ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་པས།
རྩེད་འགྲན་འགོ་འདྲེན་པ་ རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ ན་གཞོན་ཚུ་ ཆང་དང་སྨྱོ་རྫས་སྤྱོད་ནི་ལས་ བཀག་ཐབས་དང་ ངལ་གསོ་དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ན་གཞོན་ཚུ་ལུ་ སྨྱོ་རྫས་ལག་ལེན་མ་འཐབ་ཟེར་ ཐད་ཀར་དུ་ སླབ་མ་ཚུགས་རུང་ རྩེད་འགྲན་ནང་ ཆང་དང་སྨྱོ་རྫས་སྤྱོད་དེ་འོང་པ་ཅིན་ བཅའ་མར་གཏོགས་མ་ཆོག་པའི་སྐོར་ལས་སླབ་སྟེ་ ན་གཞོན་ཚུ་ལུ་ གོ་བརྡ་སྤེལ་དོ་ཟེར་ཨིན་པས།
ད་རེས་ རྩེད་འགྲན་ཐེངས་༤ པའི་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ་ཡང་ སྐྱེས་ལོ་༡༥ ལས་༢༤ འབད་མི་ཙང་ཙ་ཨིནམ་ད་ དེ་ཡང་མང་ཤོས་ར་ ན་གཞོན་སློབ་ཕྲུག་ཚུ་ཨིན་པས།
ཉིན་གྲངས་༢ འབད་མི་ རྩེད་འགྲན་གྱི་བརྗོད་དོན་དེ་ཡང་ རྩེད་འགྲན་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་ཟེར་བཞག་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ སྡེ་ཚན་རེ་ལས་ འཐུས་དངུལ་ཀྲམ་༣༠༠༠ རེ་བསྡུ་ཡོདཔ་ད་ ན་གཞོན་༡༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྐྱེས་ལོ་༡༨ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ རྩེད་འགྲན་དེ་ལུ་བརྟེན་ ན་གཞོན་ཚུ་ གྲལ་གཏོགས་བཞག་ནི་ལུ་ ཁེ་ཕན་འདུག་ཟེར་ཨིནམ་ད་ ཆ་རོགས་གསརཔ་དང་ རིག་རྩལ་གསརཔ་ཚུ་ཡང་ སྦྱང་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐང་རྩེད་ཕུཊ་སཱལ་དང་ སྤྱིར་བཏང་རྐང་རྩེད་ལུ་ ཁྱད་པར་ཡོད་ཟེར་ཨིནམ་ད་ རྐང་རྩེད་ཕུཊ་སཱལ་གྱི་དོན་ལུ་ ས་གོ་དང་ རིག་རྩལ་དགོ་ཟེར་ཨིན་པས།
རྐང་རྩེཔ་ཅིག་གིས་ སླབ་མིའི་ནང་ ཤར་ཕྱོགས་རྫོང་ཁག་གི་དོན་ལུ་ ཕུཊ་སཱལ་རྩེད་ཐང་ནང་ གྱིབ་ཀྱི་རྩྭ་གདན་འཐིང་པ་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིནམ་ད་ ན་གཞོན་ཚུ་གིས་ རྐང་རྩེད་ལུ་ སྤྲོ་བ་མངམ་བསྐྱེདཔ་མས་ཟེར་ཨིན་པས།
འགོ་འདྲེན་པ་ རིན་ཆེན་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཕུཊ་སཱལ་རྩེད་འགྲན་དེ་ བུཚ་རྐྱངམ་གཅིག་མེན་པར་ བུམོ་ཚུ་གི་དོན་ལུ་ཡང་ གོ་སྐབས་བྱིན་ཡོད་རུང་ བུམོ་ཚུ་འོང་ནི་མེདཔ་ལས་ འགོ་འདྲེན་འཐབ་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *