བཀྲིས་སྒང་རྫོང་ཁག་ཁྲིམས་ཁང་།

དྲུང་ཁག་ཁྲིམས་འདུན་གྱི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ།

༉ ཝམ་རོང་དྲུང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ འཐབ་རྩོད་ཀྱི་ འཁྲུན་ཆོད་བཏོན་ཡོད་རུང་ ཝམ་རོང་དྲང་དཔོན་གྱི་གནས་ཚང་ ཚེ་རང་དབྱངས་སྐྱིད་ལུ་ ཁེ་རྒུད་མ་བཏུབ་པར་ ཁ་ཙ་ བཀྲིས་སྒང་རྫོང་ཁག་ ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ཡི།

དེ་ཡང་ ཚེ་རིང་དབྱངས་སྐྱིད་ཀྱིས་ གནད་དོན་ཁག་མ་འདྲཝ་༥ གུ་གཞི་བཞག་སྟེ་ ཕུལ་ཡོདཔ་ད་ མཐོ་གཏུགས་ཡུན་འགྱངས་ལུས་མི་དེ་ ནད་ཡམས་དང་ འགྲོ་འགྲུལ་བཀག་དམ་གྱི་ གནད་དོན་ལུ་བརྟེན་ཏེ་ ལུས་ཡོདཔ་ཨིན་པས།

སྟ་གོན་སྙན་གསན་སྐབས་ ཚེ་རིང་དབྱངས་སྐྱིད་ཀྱིས་ འཐབ་འཛིང་ལུ་བརྟེན་ བསོད་ནམས་དཔལ་སྒྲོན་གྱི་ སྒལ་ཚིགས་ཆག་དཀྲུམ་ཤོར་ནུག་ཟེར་མི་ལུ་ མོ་གིས་འབད་འབདཝ་མེད་པའི་ཁར་ དུས་ཐུང་གློག་བརྙན་ནང་ཡང་ ལགཔ་བཀལ་བཀལཝ་མེདཔ་ལས་ མོ་མེན་ཟེར་ཨིནམ་ད་ གློག་བརྙན་ནང་ གཞན་ག་ཡང་མ་བཏོན་པར་ མོ་ར་རྐྱངམ་གཅིག་བཏོན་ཏེ་བཟོ་ཡོདཔ་ལས་ དེ་ལུ་ཆ་གནས་མཛད་དེ་ འཁྲུན་ཆོད་བཏོན་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།

མོ་གིས་ ང་རའི་ བཤེར་ཡིག་དང་ ངག་བརྗོད་ཚུ་ནང་ཕུལ་དོ་བཟུམ་ གནད་དོན་བྱུང་བའི་ཚེ་ བསོད་ནམས་དཔལ་སྒྲོན་ལུ་ ན་ཚ་ག་ནི་ཡང་མེད་པའི་ཁར་ བདེ་ཏོག་ཏོ་ཡོད་ལུགས་ཀྱི་སྐོར་ལས་ དཔང་པོ་གསུམ་གྱི་ ངག་བརྗོད་ཕུལ་ཡོདཔ་མ་ཚད་ རི་གསེར་བུ་སྨན་ཁང་ལས་ཡང་ ཚབས་ཆེན་མེནམ་སྦེ་ ཨིན་མས་ཟེར་ཞུ་ཡི།

ད་རུང་ མོང་སྒར་ལུང་ཕྱོགས་སྨན་ཁང་གིས་ཡང་ ཧེ་མའི་ ཡི་གུ་ཚུ་ནང་ བརྟག་དཔྱད་འབད་བའི་སྐབས་ ཚབས་ཆེན་མེནམ་སྦེ་ འཁོད་དེ་འདུག་ཟེར་ མཐོ་གཏུགས་ཞུ་ཡི།

ཉིན་གྲངས་ལེ་ཤ་གི་རྒྱབ་ལས་ དྲི་བ་ཡང་ དྲང་དཔོན་ཁོ་ར་གིས་བཟོ་ རྒྱལ་སྤྱིའི་ལམ་ལུགས་དང་ ཁྲིམས་ལུགས་གུ་གཞི་བཞག་ཨིན་ཟེར་ གནད་དོན་ལེ་ཤ་བཏོན་ཏེ་བཟོ་མི་དང་ བསོད་ནམས་དཔལ་སྒྲོན་མོ་ར་ དྲང་དཔོན་གྱི་གདོང་ཁར་ སྙན་གསན་སྐབས་ སྐད་རྐྱབ་སྡོད་ཟེར་རུང་ ཉན་མ་བཏུབ་པར་ ཡར་ལོང་ཡི་ར་ སྡོད་པའི་གནས་སྟངས་ཚུ་ དྲང་དཔོན་གྱིས་ ཤེས་བཞིན་དུ་ ན་ཚ་ཚབས་ཆེན་གུ་བཀལ་མི་ལུ་ དོགས་པ་ཡོདཔ་ལས་ ཁེ་རྒུད་མ་བཏུབ་ཟེར་ ཞུ་ཡི།

ཁྲིམས་སྲུང་འགག་པ་གིས་ཕུལ་མི་ ཉེས་འཛུགས་ཡོངས་རྫོགས་ འགྱུར་ལྡོག་འབད་ཞིནམ་ལས་ དཔང་པོའི་ངག་བརྗོད་ཡང་ ག་ར་ཆ་མེད་བཏང་ཐོག་ལས་ བསོད་ནམས་དཔལ་སྒྲོན་དང་ མོ་རའི་བུ་གཉིསཔོ་དེ་ ཉེས་གྲོལ་བཏང་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ ཚེ་རིང་དབྱངས་སྐྱིད་ཀྱིས་ ཞུ་བའི་ཁར་ དུས་ཐུང་གློག་བརྙན་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་བཏང་མི་ལུ་ ཉེས་ཁྲིམས་བཀལ་དགོ་པའི་ཞུ་བ་ཕུལ་རུང་ དེ་ལུ་ཡང་ ངོས་ལེན་མིན་འདུག་ཟེར་ ཞུ་ཡི།

དེ་མ་ཚད་ མོ་གིས་ འཁྲུན་ཆོད་བཏོན་པའི་ཉིན་མར་ ཉིན་མའི་ཆུ་ཚོད་ཕྱེད་དང་༡ ལས་ ཁྲིམས་ཁྲི་ནང་བཙུགས་ཏེ་ ཆུ་ཚོད་༥ ཚུན་བཞག་པའི་ཁར་ ཁྲིམས་འཐུས་ཨིན་ཅི་མིན་ཅི་བཏབ་དགོཔ་ད་ དེ་མིན་ དོ་དམ་འོག་ལུ་བཙུགས་ནི་ཟེར་མི་དང་ མོ་གིས་ མཐོ་གཏུགས་འབད་ནིའི་ ཉིན་གྲངས་༡༠ ཡོད་ལུགས་ཀྱི་ གསལ་ཞུ་ཕུལ་རུང་ ཉན་མ་བཏུབ་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་པ་གིས་ རྟིང་དཔག་དཔགས་ས་བཞག་ཡོདཔ་ལས་ སྡུག་བསྔལ་དང་ བརྡབ་གསིག་བཀལ་ཡོདཔ་ལས་ དེ་ལུ་ ཁྲིམས་ཀྱི་བྱ་སྒོའི་ལམ་ལུགས་དང་འཁྲིལ་ འབད་ཆོག་མི་ཆོག་གི་ དབྱེ་དཔྱད་མཛད་གནང་ཟེར་ཞུ་ཡི།

ཝམ་རོང་དྲུང་ཁག་ཁྲིམས་འདུན་གྱིས་ ཚེ་དབྱངས་སྐྱིད་ལུ་ འཐབ་རྩོད་ཀྱི་ཉེས་པ་ལུ་བརྟེན་ ཟླཝ་༡༨ བརྩོན་ཁྲིམས་དང་ ཧམ་འཛུལ་གྱི་ཉེས་པ་ལུ་བརྟེན་ ལོ་༡ བརྩོན་ཁྲིམས་བཀལ་ཡོདཔ་ད་ ད་རུང་ མཐོ་གཏུགས་ཀྱི་སྙན་གསན་དེ་ སྤྱི་ཟླ་༡༠ པའི་ཚེས་༡༩ ལུ་ མཛད་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *