དྲུགཔ་ཚེས་༤ བརྩི་སྲུང་སྐབས་ དད་ཅན་ཚུ་ གྱལ་བསྣར་ཐོག་ལས་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་ ནང་རྟེན་བྱིན་ཅན་ཚུ་ མཇལ་ཁ་ཞུ་བར་ འགྱོ་བའི་བསྒང་།

དྲུགཔ་ཚེས་༤ ནང་པ་ཆོས་ལུགས་འཛིན་མི་ཚུ་གི་དོན་ལུ་ དུས་ཆེན་རྩ་ཅན་ཅིག་ཨིནམ།

༉ རང་ཟླ་༦ པའི་ཚེས་༤ ལུ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ མི་སེར་ཚུ་གིས་ རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་ཚུ་ནང་ ཕྱག་འཚལ་སྙན་དར་ཕུལ་ཐོག་ལས་ ཡོངས་གྲགས་ལུ་ དྲུགཔ་ཚེས་བཞི་ཟེར་སླབ་མི་ བདག་ཅག་གི་སྟོན་པ་ ཐུབ་པའི་དབང་པོ་ ཤཱཀྱ་ཐུབ་པའི་ དུས་ཆེན་ཁྱད་ཅན་དེ་ བརྩི་སྲུང་ཞུ་ཡི།

དྲུགཔ་ཚེས་༤ དེ་ ནང་པ་ཆོས་ལུགས་འཛིན་མི་ཚུ་གི་དོན་ལུ་ དུས་ཆེན་རྩ་ཅན་ཅིག་ཨིན་མི་དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ མངོན་པར་རྫོགས་པར་ སངས་རྒྱས་ཞིནམ་ལས་ ཞག་གྲངས་༤༩ འི་རིང་ གསུངས་བཅད་དེ་ བཞུགས་པའི་ཤུལ་ལུ་ ཡུལ་ཝ་རཱ་ཎ་སི་ དྲང་སྲོང་ལྷུང་བའི་ རི་དྭགས་ཀྱི་ ནགས་ཚལ་ནང་ བཀའ་དང་པོ་ བདེན་པ་བཞིའི་ཆོས་ཀྱི་ འཁོར་ལོ་དང་པ་ བསྐོར་གནང་བའི་ དུས་ཆེན་ཁྱད་པར་ཅན་ཕོག་མི་ལུ་བརྟེན་ཨིན་པས།

སྔོན་རབས་དང་འཁྲིལ་བ་ཅིན་ ཤཱཀྱ་ཐུབ་པ་གིས་ དང་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ བསྐལ་པ་གྲངས་མེད་༣ གྱི་རིང་ལུ་ ཚོགས་བསགས་ཏེ་ མཇུག་ར་ རང་ཟླ་༤ པའི་ཚེས་༡༥ ལུ་ མངོན་པར་རྫོགས་པར་ སངས་རྒྱས་ཏེ་ ཆོས་ཀྱི་འཁོར་ལོ་བསྐོར་ཐབས་ལུ་ གུས་ལྡན་གྱི་སློབ་མ་ ག་ཡང་མེདཔ་མཁྱེན་ཞིནམ་ལས་ ཟབ་བཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་སྟོན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཟེར་གསུངས་ཏེ་ ཆོས་མ་གསུངས་པར་ ཞག་གྲངས་༤༩ བཞུགས་གནང་ཡོདཔ་ཨིན་པས།

ན་ཧིང་ དྲི་བ་དྲིས་ལན་སྐབས་ གཞུང་དགེ་འདུན་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་གིས་ སེམས་ཅན་ཚུ་གི་དོན་ལུ་ དུས་ཚོད་དང་བསྟུན་ ཆོས་གསུངས་དོ་ཡོདཔ་བཞིན་དུ་ ཞག་བདུན་ཕྲག་༧ ག་ནི་ཡང་ མ་གསུངས་པར་ བཞུགས་མི་དེ་ དུས་ཚོད་ལུ་ མ་ལྷོད་མི་ལུ་བརྟེན་ ཨིནམ་མ་ཚད་ མི་ཚུ་གིས་ ཆོས་ཟེར་མི་དེ་ དཀའཝ་ག་ནི་ཡང་ སྤྱད་མ་དགོ་པར་ ཐོབ་ཚུགས་ནི་བཟུམ་སྦེ་ མནོ་དོ་ཡོད་མི་དེ་ ཉམས་བཅུག་ཐབས་ལུ་དང་ ག་ཐོབ་སྦེ་ གསུངས་པ་ཅིན་ ཆོས་ཀྱི་བྱིན་རླབས་ ཉམས་ཉེན་ཡོད་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།

འཁོར་བའི་སེམས་ཅན་ཚུ་ སངས་རྒྱས་ལས་ ཆོས་མ་ཐོབ་པའི་ སྡུག་བསྔལ་དང་ ཚ་གྱང་ཕོག་སྡོད་པའི་སྐབས་ ལྷའི་དབང་པོ་ བརྒྱ་བྱིན་དང་ ཚངས་པ་༢ ཀྱིས་ སངས་རྒྱས་བཞུགས་སར་བཅར་ཏེ་ སྤྱིར་སེམས་ཅན་ལུ་ ཕན་ཐོགས་ཐབས་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་གནང་པའི་ གསོལ་འདེབས་ཞུཝ་བཞིན་དུ་ སངས་རྒྱས་ཀྱིས་ཡང་ སེམས་ཅན་ལུ་ ཕན་ཐོགས་ནིའི་ ཐབས་ལམ་གཞན་ཡོད་རུང་ མཆོག་ཏུ་འགྱུར་པ་དེ་ ཆོས་ཀྱི་འཁོར་ལོ་བསྐོར་ནི་དེ་ཨིནམ་ལས་ ཆོས་འཁོར་དང་པ་བསྐོར་ནིའིདོན་ལས་ ཞལ་གྱིས་བཞེས་གནང་ཡོདཔ་ཨིན་པས།

འདི་འབདཝ་ད་ ཧེ་མ་ སངས་རྒྱས་ཁོ་ར་གིས་ སློབ་དཔོན་སྦེ་བསྟེན་མི་ སྦྱང་སླ་བ་དང་ འདུལ་སླ་བ་ ཤེས་རབ་གསལ་བ་དང་ སྒྱུ་རྩལ་ཤེས་ཀྱི་བུ་ རིང་འཕུར་དང་ ལྷག་སྤྱོད་༢ ལུ་ ཆོས་གནང་ནིའི་ ཐུགས་བཞེད་གནང་ཡོད་རུང་ ལྷག་སྤྱོད་ཤི་སྟེ་ ཞག་༧ དང་ རིང་འཕུར་ཤི་སྟེ་ ཞག་༢ སོང་ཡོདཔ་མཁྱེནམ་ལས་ སངས་རྒྱས་ཐུགས་ཕམ་དགོཔ་བྱུང་ནུག།

གཙུག་ལག་སློབ་དཔོན་གྱིས་འབད་བ་ཅིན་ རང་ཟླ་༦ པའི་ཚེས་༤ ལུ་ རྒྱ་གར་ཝ་རཱ་ཎ་སི་གི་ས་གནས་ དྲང་སྲོང་ལྷུང་བ་རི་དྭགས་སམ་ ད་རེས་ནངས་པར་ སར་ནཌ་ཟེར་ས་ལུ་སྦེ་ གཙོ་བོ་ལྔ་སྡེ་བཟང་པོ་ ཀུན་ཤེས་ཀཽཌིནྱ་དང་ རྟ་ཐུལ་ རླངས་པ་ མིང་ཆེན་དང་ བཟང་ལྡན་གྱིས་གཙོས་པའི་ ལྷ་དང་མི་ ཀླུ་ལ་སོགས་པ་ཚུ་ལུ་ བཀའ་དང་པ་ བདེན་པ་བཞིའི་ ཆོས་ཀྱི་འཁོར་ལོ་ བསྐོར་གནང་ནུག་ཟེར་ཨིན་པས།

བདེན་པ་བཞིའི་ ཆོས་འཁོར་བསྐོར་གནང་མི་དེ་ སྐྱེས་བུ་ཆུང་ངུའི་དབང་དུ་བཏང་སྟེ་ བསྐོར་གནང་ཡོད་མི་དེ་ཡང་ སྡུག་བསྔལ་བདེན་པ་ ཀུན་འབྱུང་བདེན་པ་ འགོག་པའི་བདེན་པ་དང་ ལམ་གྱི་བདེན་པ་ཟེར་ འཁོར་བ་དེ་ ག་དེ་སྦེ་ཨིན་ན་ སྡུག་བསྔལ་བདེན་པའི་ཐོག་ལས་ འཁོར་བ་ངོ་སྤྲོད་འབད་ དེ་ལས་ སྡུག་བསྔལ་དེ་ཡང་ རྒྱུ་ཀུན་འབྱུང་ལུ་བརྟེན་ བྱུངམ་ཨིནམ་ལས་ དེ་ལུ་ ལམ་ག་ཅི་བསྟེན་དགོཔ་ཨིན་ན་ལ་སོགས་པ་ཚུ་ ཧ་གོ་བཅུག་ཐབས་ལུ་ཨིན་པས།

དེ་ཡང་ སྡུག་བསྔལ་ཤེས་པར་བྱ། །ཀུན་འབྱུང་སྤང་བར་བྱ། །འགོག་པ་མངོན་དུ་བྱ། །ལམ་བསྟེན་པར་བྱ། །ཟེར་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ འཁོར་ལྔ་སྡེ་བཟང་པོ་ལུ་ གསུངས་པའི་ཁར་ འཕགས་པའི་ལམ་ཡན་ལག་བརྒྱད་ལུ་ བསྟེན་པ་ཅིན་ སངས་རྒྱས་ཀྱི་གོ་འཕང་ཐོབ་ཚུགས་པའི་ ནུས་པ་ཡོད་ཟེར་ གསུངས་ཡོདཔ་བཞིན་དུ་ འཕགས་པའི་ལམ་ཡན་ལག་བརྒྱད་དེ་ཡང་ ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག། ཡང་དག་པའི་ལས། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་ཚུ་ཨིན་པས།

སློབ་དཔོན་བསམ་གཏན་རྡོ་རྗེ་གིས་ གསུངས་མིའི་ནང་ དྲུགཔ་ཚེས་༤ བཟུམ་མའི་ སངས་རྒྱས་ཀྱི་ དུས་ཆེན་ཁྱད་པར་ཅན་ཚུ་གི་སྐབས་ལུ་ ལས་དགེ་བ་དང་ མི་དགེ་བ་ག་ཅི་ར་བསགས་རུང་ ཕན་གནོད་ཡང་ རྒྱ་ཆེ་དྲགས་སྦེ་ར་ཡོད་ཟེར་ཨིན་པས།

དུས་ཆེན་བརྩི་སྲུང་དང་འབྲེལ་ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ གཞུང་དགེ་འདུན་གྲྭ་ཚང་གིས་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ མི་མང་ལུ་ ནང་རྟེན་བྱིན་ཅན་ཚུ་ མཇལ་ཁ་གནང་ཡོདཔ་མ་ཚད་ རྟ་མགྲིན་གནས་ལུ་ ཡི་དམ་རྟ་མགྲིན་གྱི་ མཐོང་གྲོལ་དེ་ཡང་ མཇལ་ཁ་གནང་ཡི་ཟེར་ ཞུ་ནི་ཨིན།

About admin

Check Also

ཙཱ་རི་༢ པ་ སྤ་རོ་མཆིམས་ཕུ་ལུ་ སྨོན་ལམ་གང་བཏབ་འགྲུབ་པའི་ རྡོ་རྗེ་ཕག་མོའི་སྐུ་འདྲ་ཡོདཔ།

༉ རྒྱལ་ཁབ་ནང་ བོད་གངས་ཅན་ལྗོངས་ཀྱི་གནས་མཆོག་ ཙཱ་རི་གཉིས་པ་དེ་ སྤ་རོ་མཆིམས་ཕུ་ལུ་ཡོདཔ་ད་ ད་རེས་ནངས་པར་ འབྲུག་མི་མང་ཤོས་ཅིག་གིས་ གནས་མཇལ་བར་འགྱོ་དོ་ཡོདཔ་མ་ཚད་ དེའི་སྐོར་ལས་ ཁུངས་དང་དགོས་པ་ཤེས་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ལས་ཡང་ འོང་དོ་ཡོདཔ་ཨིན་པས། མཆིམས་ཕུ་གནས་དེ་ལུ་ ཙཱ་རི་གཉིས་པ་ཟེར་ ཞུ་དགོ་མི་དེ་ཡང་ …

Leave a Reply

Your email address will not be published. Required fields are marked *