དྲང་སྤྱོད་ཀྱི་དཀའ་ངལ།

༉ གཞུང་གཡོག་དང་ ལས་འཛིན་ཚུ་ནང་ ངོ་ཤེས་འདྲིས་ཤེས་དང་ ལྟ་ལྟོ་ཚང་ བཟའ་ཚང་གི་ མཐུན་ལམ་ལེགས་ཤོམ་ཡོད་པ་ཅིན་ ལཱ་གཡོག་ནང་ གདམ་འཐུ་གྲུབ་མ་ཚད་ གོ་གནས་ཡར་སེང་དང་ གནས་སོར་འགྱོ་དགོ་རུང་ དཀའ་ངལ་མེད་པའི་སྐོར་ འཐོར་གཏམ་དང་ ལོ་རྒྱུས་བཤད་སྲོལ་ཡོདཔ་མ་ཚད་ ད་རེས་ནངས་པར་འབད་རུང་ ལཱ་གཡོག་ས་སྟོང་ནང་ གདམ་འཐུ་མ་གྲུབ་མི་ཚུ་གིས་ རྣམ་དག་མེད་པར་ ཕྱོགས་ལྷུང་ལུ་བརྟེན་ ལཱ་གཡོག་མ་ཐོབ་ཟེར་ ཉོགསབཤད་བཀོདཔ་ཨིན་མས།
མཐུན་འགྱུར་དང་ ཕན་གྲོགས་ རྒྱབ་སྐྱོར་ཚུ་ཡང་ འགོ་དཔོན་ཚུ་དང་ མཐུན་ལམ་ཡོད་མི་ཚུ་གིས་ རང་གི་ཨ་ལོ་དང་ སྤུན་ཆ་ ངོ་ཤེས་འདྲིས་ཤེས་ཡོད་མི་དེ་ ལཱ་གཡོག་ནང་ བཙུགས་ནི་དང་ ཡང་ཅིན་ ལཱ་གཡོག་ནང་ཨིན་པ་ཅིན་ ཕྱི་རྒྱལ་དང་ ཡང་ཅིན་ ས་གོ་ལེགས་ཤོམ་ཡོད་མི་ རྫོང་ཁག་ཚུ་ནང་ གནས་སོར་གཏང་དགོཔ་སྦེ་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ བརྒྱུད་འཕྲིན་ཐོག་ལས་ རྒྱབ་སྐྱོར་འཚོལ་བའི་ ལོ་རྒྱུས་ཡང་ གོ་ནི་ཡོད།
དེ་ཚུ་ བདེན་རྫུན་ག་དེ་སྦེ་ར་ཡོདཔ་ཨིན་ན་ འཇམ་ཏོང་ཏོ་སྦེ་ ཤེས་མི་ཚུགས་ནི་ཨིན་རུང་ བདུན་ཕྲག་འདི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱལ་ཡོངས་རྩིས་དཔྱད་དབང་འཛིན་གཉིས་ཀྱིས་ རྒྱལ་ཡོངས་དྲང་སྤྱོད་སྙན་ཞུ་༢༠༡༩ ཅན་མ་ གསར་བཏོན་འབད་མི་དེ་གིས་ ལམ་ལུགས་ནང་ དྲང་སྤྱོད་དང་ རྣམ་དག་མེདཔ་ དེ་ལས་ ངན་ལྷད་ལག་ལེན་ཡོད་པའི་ གསལ་སྟོན་འབད་ནུག།
མི་ཚུ་ལུ་ དྲི་བ་དྲིས་ལན་འབདཝ་ད་ ཕྱེད་ཀ་ལྷགཔ་ཅིག་གིས་ མི་མང་ཞབས་ཏོག་གི་ཐད་ལུ་ མཐུན་ལམ་དང་ ངོ་ཤེས་འདྲིས་ཤེས་ བཟའ་ཚང་གི་མཐུན་འབྲེལ་ཚུ་ལུ་བརྟེན་ ཆགས་སྡང་ཕྱོགས་རིས་ཐོག་ ཞབས་ཏོག་ཚུ་ དུས་ཚོད་ཁར་ མ་ཐོབ་པར་ བརྡབ་གསིག་བྱུང་ཡོདཔ་སྦེ་ སླབ་ཡོདཔ་ད་ མཐུན་འབྲེལ་ཡོད་པ་ཅིན་ ཞབསཏོག་ག་ཅི་ར་ཨིན་རུང་ སྤུས་ཚད་ཅན་དང་ མགྱོགས་དྲགས་སྦེ་ ཐོབ་ཚུགས་པས་ཟེར་ཨིན་མས།
སྤྱི་ཟླ་༦ པའི་ཚེས་༢༤ ལུ་ གསར་བཏོན་འབད་མི་ སྙན་ཞུ་དེ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མི་མང་ཞབས་ཏོག་ལེན་མི་ བརྒྱ་ཆ་༥༠ གིས་ མཐུན་འབྲེལ་དང་ བཟའ་ཚང་གི་ འབྲེལ་བ་ཡོད་མི་ཚུ་གིས་ ཞབས་ཏོག་ཚུ་ མགྱོགས་སུ་སྦེ་ ཐོབ་དོ་ཡོདཔ་སྦེ་སླབ་ནུག།
ཞབས་ཏོག་ཐོབ་རུང་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་ལུ་ བཟའ་འཐུང་གི་རིགས་ བྱིན་དགོཔ་མ་ཚད་ ཕན་ཐོགས་པའི་ ལཱ་འབད་བྱིན་དགོ་པས་ཟེར་ དྲི་བ་དྲིས་ལན་ནང་ ལ་ལོ་གིས་སླབ་ནུག།
དྲང་སྤྱོད་ཀྱི་སྐོར་ ཤེས་རྟོགས་འབྱུང་ཐབས་ལུ་ ཞབས་ཏོག་ཁག་༢༧༢ སྤྲོད་མི་ ལས་སྡེ་༩༦ ལུ་ བརྟག་ཞིབ་འབད་བའི་ མི་གྲངས་༡༣,༨༦༩ གིས་ དྲི་བ་ཚུ་གི་ ལན་རྐྱབ་ཐོག་ལས་ གྲལ་གཏོགས་འབད་ཡོདཔ་ད་ མང་ཤོས་ཅིག་གིས་ རྒྱལ་ཁབ་ནང་ ངན་ལྷད་ཀྱི་ གནད་དོན་ཚུ་ ཚབས་ཆེན་སྦེ་ར་ ཡོདཔ་མ་ཚད་ འདས་པའི་ལོ་༥ འི་རིང་ལུ་ ངན་ལྷད་ཡར་སེང་སོང་ཡོདཔ་སྦེ་སླབ་ནུག།
དེ་བཟུམ་སྦེ་ མི་མང་གི་ འགོ་དཔོན་ཚུ་ལུ་ འགན་འཁྲི་བཀལ་ནིའི་ ལམ་ལུགས་སྒྲིང་སྒྲི་མེདཔ་ལས་ གཞུང་གི་ལཱ་ཚུ་ སྣང་མེད་སྦེ་བཞག་སྟེ་ ཞབས་ཏོག་ཚུ་ བསྣར་འགྱངས་ལུས་པའི་ཁར་ རང་སོའི་འགན་ཁུར་ ལོག་སྤྱོད་འབད་བའི་ རྩོད་དོན་ཚུ་ཡང་ མཐོང་གསལ་བྱུང་ནུག།
རྒྱལ་ཁབ་ནང་ ཆགས་སྡང་ཕྱོགས་རིས་ཐོག་འབད་བའི་ ངན་ལྷད་ཚུ་ མཐོ་དྲགས་ཡོད་མི་གིས་མ་དོ་བར་ གཞུང་དངུལ་ལོག་སྤྱོད་དང་ གཞུང་ས་ནང་ ཧམ་འཛུལ་ སྲིད་བྱུས་དང་འབྲེལ་བའི་ ངན་ལྷད་ལག་ལེན་ཁྱབ་ཆེར་ཡོད་པའི་ ཉོགས་བཤད་ཚུ་ ཐོན་དང་འཐོན་བཞིན་དུ་འདུག།
ངན་ལྷད་ལག་ལེན་འཐབ་མི་དེ་ གཙོ་བོ་ར་ འགོ་དཔོན་དང་ ལས་བྱེདཔ་ཚུ་ལུ་ བསམ་པ་སེམས་སྐྱེད་དང་ དྲང་སྤྱོད་ལེགས་ཤོམ་མེད་པའི་ རྟགས་མཚན་ཨིན་མས།
རྒྱལ་ཁབ་ནང་ ངན་ལྷད་ལུ་ བཟོད་བསྲན་རྩ་ལས་མེད་པ་ཅིན་ སྲིད་དོན་དང་འབྲེལ་བའི་ གཞུང་སྐྱོང་འགོ་འཛིན་ཚུ་གིས་ར་ ལྷན་ཁག་དང་ ལསསྡེ་ཁག་སོ་སོའི་ འགོ་འཛིན་ཚུ་ལུ་ དྲང་སྤྱོད་དང་ ངན་ལྷད་ལ་སོགས་པའི་ གནད་དོན་དང་ ཉོགས་བཤད་འཐོན་པ་ཅིན་ འགན་འཁྲི་བཀལ་ནི་དང་ གནད་དོན་ཚབས་ཆེན་ཚུ་གི་ཐད་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་བརྒྱུད་དེ་ ཁྲིམས་ཀྱི་དང་ལེན་སྒྲིང་སྒྲི་འབད་དགོ།

About admin

Check Also

རྩ་ཁྲིམས་ཅན་གྱི་ འཐུས་མི་ལྷན་འཛིན་ཚུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དགོ་ནི།

༉ ད་ལས་ཕར་ རྩ་ཁྲིམས་ཅན་གྱི་ འཐུས་མི་ལྷན་འཛིན་སྦེ་ བསྐོ་བཞག་གནང་པའི་སྐབས་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་མི་དགོ་ནི་ཨིན་པས། དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་དང་ འཐུས་མི་ལྷན་འཛིན་ཚུའི་ ཐོབ་ཐངས་དང་ ལཱ་གཡོག་ཆ་རྐྱེན་ …

Leave a Reply

Your email address will not be published. Required fields are marked *