ཝམ་རོང་དྲུང་ཁག་ཁྲིམས་འདུན།

དྲང་དཔོན་གྱི་ཨམ་ལུ་ བརྡབ་གསིག་གི་ ཉེས་འཛུགས་བཀལ་ནིའི་ སྒྲུབ་བྱེད་མེདཔ།

དྲང་དཔོན་དང་ དཔང་པོ་ཚུ་ལུ་ ཉེས་ལས་ཀྱི་ སྙན་ཞུ་མ་འབད་མི་དང་ སྒྲུབ་བྱེད་མེདཔ་བཏང་པའི་ ཉེས་འཛུགས་བཀལ་དགོ་པའི་ ཞུ་བ་ཕུལ་ཡི།

༉ ཁ་ཙ་ བཀྲིས་སྒང་ཝམ་རོང་དྲུང་ཁག་ཁྲིམས་འདུན་གྱིས་ འཐབ་འཛིང་དང་འབྲེལ་བའི་ རྩོད་བཤེར་གྱི་ བརྒལ་ལན་སྙན་གསན་འཕྲོ་མཐུད་ འགོ་འདྲེན་འཐབ་མི་དེ་ནང་ ཉེས་འདོགས་པ་ཁྲིམས་སྲུང་འགག་སྡེའི་ ངོ་ཚབ་དང་ ཉེས་འཛུགས་ཅན་གསུམ་འབདཝ་ད་ རྩ་ཕན་༤ གིས་ རང་སོའི་བདེན་ཁུངས་ཚུ་ ཁ་གསལ་སྦེ་ གསལ་ཞུ་ཕུལ་ཡི།
ཉེས་འཛུགས་ཅན་ བསོད་ནམས་དཔལ་སྒྲོན་མོ་ར་ ཁྱིམ་གྱི་འོག་ལུ་ཡོད་མི་ ལྡུམ་རའི་ནང་ སྐྱ་སྒོགཔ་བཙུགས་སྡོདཔ་ད་ ཉེས་འཛུགས་ཅན་ ཚེ་རིང་གཡང་སྐྱིད་ཀྱིས་ ཁྱིམ་གྱི་སྒོ་ཅུང་ལས་ བསོད་ནམས་དཔལ་སྒྲོན་ལུ་ མོ་གི་གདོང་ཁར་ མ་འཐོན་ཟེར་ སླབ་ཅི་མེན་ན་ ག་ཅི་སྦེ་ དཔའ་ཧི་ཧི་ཐོན་སྨོ་ཟེར་ སླབ་མིའི་ཐད་ལུ་ སྒྲུབ་བྱེད་དང་ དཔང་པོ་ལ་སོགས་པ་ ག་ནི་ཡང་མེདཔ་ལས་ རྩོད་ཉོགས་ཐོན་དགོ་པའི་ར་ཁུངས་ གཞི་བཞག་ཐབས་མ་བྱུང་ཟེར་ ཁྲིམས་ཤིང་ཁྲིམས་སྲུང་འགག་སྡེའི་ ངོ་ཚབ་ཀྱིས་ ཞུ་ཡི།
ཁྲིམས་སྲུང་འགག་སྡེ་གིས་ ཉེས་འཛུགས་ཅན་ ཚེ་རིང་གཡང་སྐྱིད་དང་ དཔང་པོ་གིས་བྱིན་མི་ ངག་བརྗོད་ཚུ་ལུ་ལྟཝ་ད་ ཉེས་འཛུགས་ཅན་ བསོད་ནམས་དཔལ་སྒྲོན་གྱི་ བུ་དེ་གིས་ ཚེ་རིང་གཡང་སྐྱིད་ལུ་ ག་ཅི་དཀའ་ངལ་ཡོད་ག་ཟེར་ སླབ་མི་དེ་དང་ དཔང་པོ་གིས་ བཀོད་མི་དེ་གཉིས་ རྟགས་མཐུནམ་ལས་ རྩོད་ཉོགས་ཐོན་དགོ་པའི་ ར་ཁུངས་ངོ་མ་དེ་ཨིན་པས་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ཉེས་འཛུགས་ཅན་ བསོད་ནམས་དཔལ་སྒྲོན་ལུ་ བརྡབ་གསིག་རྐྱབ་ཡོད་པའི་སྐོར་ ཧེ་མ་ སྙན་ཞུ་ལྷོད་དེ་མེད་པའི་ཁར་ འཐབ་འཛིན་བྱུང་པའི་སྐབས་ བརྡབ་གསིག་རྐྱབ་ཡོད་པའི་ སྒྲུབ་བྱེད་ག་ནི་ཡང་མེདཔ་ལས་ ཉེས་འཛུགས་ཅན་ ཚེ་རིང་གཡང་སྐྱིད་ལུ་ བརྡབ་གསིག་གི་ ཉེས་འཛུགས་བཀལ་དགོ་པའི་ འོས་འབབ་མིན་འདུག་ཟེར་ ཉེས་འདོགས་པ་གིས་ ཞུ་ཡི།
སྙན་གསན་སྐབས་ བསོད་ནམས་དཔལ་སྒྲོན་གྱི་ རྒྱབ་མི་གིས་ འཐབ་འཛིང་བྱུངམ་ད་ འབྲེལ་ཡོད་དཔང་པོ་༢ དང་ དྲང་དཔོན་ལུ་ཡང་ ཉེས་ལས་སྙན་ཞུ་མ་འབད་བའི་ ཉེས་འཛུགས་བཀལ་དགོ་པའི་ཁར་ ཝམ་རོང་དྲང་དཔོན་གྱིས་ སྒྲུབ་བྱེད་མེདཔ་བཏང་བའི་ ཉེས་འཛུགས་བཀལ་དགོཔ་འདུག་ཟེར་ཞུ་ཡི།
དེ་ལས་ ཉེས་འཛུགས་ཅན་ བསོད་ནམས་དཔལ་སྒྲོན་ལུ་ དྲང་དཔོན་གྱི་གནས་ཚང་ ཉེས་འཛུགས་ཅན་ ཚེ་རིང་གཡང་སྐྱིད་ལས་ གྱོང་འཐུས་ལེན་གནང་དགོཔ་སྦེ་ ཞུ་མིའི་ཐད་ལུ་ ཁྲིམས་འདུན་ལས་ ཉེས་འདོགས་པ་དང་ རྒྱབ་མི་གཉིས་ཆ་ར་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དགོངས་དོན་དང་འཁྲིལ་ གྱོང་འཐུས་ག་ཅི་སྤྲོད་དགོཔ་ཨིན་ན་ ཁ་གསལ་བཀོད་དགོ་པའི་ བཀའ་གནང་ཡི།
བརྒལ་ལན་སྙན་གསན་འཕྲོ་མཐུད་དེ་ ད་རེས་ ཉིན་མའི་ཆུ་ཚོད་༢ ལུ་ འབད་ནི་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཝམ་རོང་།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *