ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ ས་བསླང་རྟེན་འབྲེལ་བརྩི་བའི་བསྒང་།

དྲང་ཁྲིམས་ཞབས་ཏོག་ཚུ་གིས་ མཐའ་ཟུར་གྱི་མི་སེར་ཚུ་ལུ་ ཕན་རླབས་རྒྱ་ཆེར་བྱུང་ཡོདཔ།

༉ ད་རེས་ནངས་པར་ རྒྱལ་ས་ལྟེ་བ་ལུ་ མི་ཚུ་གིས་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་གསརཔ་ ག་འོང་ནི་ཨིན་ན་ མི་ངོ་དག་པ་ཅིག་གི་སྐོར་ལས་ བཤད་ཐོ་བཏངམ་ཨིན་རུང་ མོང་སྒར་ཝེ་རིང་དྲུང་ཁག་ནང་འབད་བ་ཅིན་ དྲང་ཁྲིམས་ལྷན་སྡེའི་ ལེགས་བསྒྱུར་གྱིས་ མི་སེར་ཚུ་ལུ་ ཕན་ཐོགས་ག་དེ་སྦེ་ བྱུང་དོ་ཡོདཔ་ཨིན་ནའི་སྐོར་ ལོ་རྒྱུས་སླབ་ཨིན་པས།
མོང་སྒར་རྫོང་ཁག་ནང་ མཐའ་ཟུར་ཅིག་ཨིན་མི་ སི་ལིམ་སྦིས་དང་ དགོངས་འདུས་རྒེད་འོག་གཉིས་ཀྱི་ མི་སེར་ཚུ་ལུ་ ལྷག་པར་དུ་ སེམས་དགའ་དགོ་པའི་ དུས་བསྐལ་ཅིག་ བྱུང་མི་དེ་ཡང་ དྲུང་ཁག་ཁྲིམས་འདུན་དེ་ སྤྱི་ལོ་༢༠༠༩ ལུ་ གཞི་བཙུགས་འབད་ཡོད་རུང་ སང་ཕོད་ལས་ རང་དབང་ཅན་གྱི་ དྲུང་ཁག་ཁྲིམས་འདུན་འཐོབ་ཚུགས་ནི་ཨིན་པས། ད་ལྟོ་ ཁྲིམས་འདུན་སོ་སོར་མེདཔ་ལས་ དྲུང་ཁག་བདག་སྐྱོང་ཡིག་ཚང་དང་ བགོ་མཉམ་ཐོག་ བྱ་སྒོ་འཐབ་དོ་ཡོདཔ་ཨིན་པས།
ཁ་ཙ་ དྲུང་ཁག་ཁྲིམས་འདུན་རྐྱབ་ནིའི་དོན་ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་དང་ པདྨ་རིག་འཛིན་༢ ཀྱིས་ ས་བསླང་རྟེན་འབྲེལ་བརྩིས་ཡོདཔ་ད་ དེ་བསྒང་ རྫོང་ཁག་ལས་ སྤྱི་ཚོགས་ཀྱི་ འཐུས་མི་དང་ ས་གནས་གཞུང་གི་འགོ་དཔོན་ དེ་ལས་ རྒེད་འོག་གཉིས་ཀྱི་ མི་སེར་ཚུ་གིས་ བཅའ་མར་གཏོགས་ནུག།
དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ བཤད་མིའི་ནང་ ཝེ་རིང་ལ་དྲུང་ཁག་ཁྲིམས་འདུན་དེ་ སང་ཕོད་སྤྱི་ཟླ་༡ པ་ལས་ འབྲུག་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གསར་བཞེངས་འགོ་བཙུགས་ནི་ཨིན་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཐའ་ཟུར་གྱི་ མི་སེར་ཚུ་ལུ་ ཐུགས་རྗེ་རྒྱ་ཆེར་གཟིགས་གནང་སྟེ་ དྲང་ཁྲིམས་དང་འབྲེལ་བའི་ ཞབས་ཏོག་ཞུ་ནི་ལུ་ དཀའ་ངལ་མེད་པར་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་ཐབས་ལུ་ ཝེ་རིང་ལ་དྲུང་ཁག་དེ་ སྤྱི་ལོ་༢༠༠༦ ལུ་ གཞི་བཙུགས་གནང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དྲུང་ཁག་ཁྲིམས་འདུན་ཡང་ སྤྱི་ལོ་༢༠༠༩ ལུ་ གཞི་གཙུགས་གནང་མི་ལུ་བརྟེན་ མི་དབང་མངའ་ཞབས་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ལྟར་ ཁྲིམས་ཀྱི་ཞབས་ཏོག་ཚུ་ ཟད་འགྲོ་ག་དེ་ཉུང་ཉུང་དང་ འཇམ་ཏོང་ཏོ་སྦེ ་སྤྱོད་ཚུགས་ནི་དེ་གིས་ རྒེད་འོག་གཉིས་ཀྱི་ མི་སེར་ཚུ་ སྐལ་བ་བཟང་ནུག་ཟེར་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ བཤད་ཡོདཔ་ཨིན་པས།

ད་ལྟོ་ ཝེ་རིང་ལ་དྲུང་ཁག་ཁྲིམས་འདུན་དེ་ དྲུང་ཁག་བདག་སྐྱོང་ཡིག་ཚང་དང་གཅིག་ཁར་ བྱ་སྒོ་འཐབ་དོ་ཡོདཔ་ཨིན་པས།

དྲང་ཁྲིམས་ལྷན་སྡེའི་ དམིགས་དོན་ངོ་མ་ར་ རྩོད་གཞི་ཚུ་ ཡུན་འགྱངས་མ་ལུས་པར་ གང་མགྱོགས་དང་ སྤུས་ཚད་དང་ལྡནམ་སྦེ་ དབྱེ་དཔྱད་མཛད་དགོཔ་མ་ཚད་ ཁྲིམས་འདུན་གྱི་ ལས་བྱེད་པ་ཚུ་ཡང་ ཁྲིམས་ཀྱི་རིང་ལུགས་ལུ་ ཁྱད་ལྡན་ཅན་སྦེ་ བཟོ་དགོ་པའི་ སྲིད་བྱུས་ཐོག་ལུ་ རང་དབང་ཅན་གྱི་ ཁྲིམས་འདུན་གསར་བཞེངས་ཚུ་ འདས་པའི་ལོ་ངོ་མང་རབས་ཅིག་གི་ནང་ རྒྱ་གར་དང་ ཌེན་མཱག་ སུ་ཡིད་ཛར་ལེནཌ་ དེ་ལས་ ཨཱསི་ཊི་ཡཱན་གཞུང་ཚུ་གི་ གྲོགས་རམ་ཐོག་ལས་ ཁྲིམས་འདུན་བཟོ་སྐྲུན་འབད་མི་དེ་གིས་ ཁྲིམས་ཀྱི་འདུན་སའི་ ལས་བྱེདཔ་ཚུ་དང་ ཁྲིམས་ཀྱི་ཞབས་ཏོག་སྤྱོད་མི་ཚུ་ལུ་ དུས་དང་བསྟུན་པའི་ མཁོ་ཆས་ཚུ་ སྔར་བ་ལྷག་སྟེ་ ཁྱད་ཆོས་ལྡན་པར་ བཟོ་གནང་སྟེ་ཡོད་ཟེར་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ བཤད་ནུག།
དེ་བཟུམ་སྦེ་ རྒྱ་གར་གཞུང་གིས་ མ་དངུལ་ས་ཡ་༣༦ དྲང་ཁྲིམས་ལྷན་སྡེ་ལུ་ རྒྱབ་སྐྱོར་གནང་ཡོདཔ་ལས་ ལས་འགུལ་ཐེངས་དང་པའི་ནང་ བསམ་གྲུབ་ཆོས་གླིང་དང་ ལྷ་མོའི་རྫིང་ཁ་ ཇོ་མོ་གཙང་ཁ་དང་ ངང་ལམ་དྲུང་ཁག་ཁྲིམས་འདུན་ཚུ་ སྤྱི་ལོ་༢༠༡༡ ཟླ་ ༡ པའི་ནང་ བསྒྲུབས་ཡོདཔ་མ་ཚད་ ལས་འགུལ་ཐེངས་གཉིས་པ་དེ་ནང་ སྤྱི་ལོ་༢༠༡༡ ལས་༢༠༡༩ ཚུན་ རྡོ་རོ་ཁ་དང་ པཱན་སྦང་ སག་སྟེང་ གསང་སྦས་ཁ་ སིབ་སུ་ ཁྲིམས་ཤིང་ ཝམ་རོང་ཁྲིམས་འདུན་ཚུ་ཡང་ མ་དངུལ་ས་ཡ་༥༥.༢ གྲོགས་རམ་ཐོག་ལས་ གསར་བཞེངས་འབད་ཡོདཔ་ཨིན་པས།
དྲུང་ཁག་ཁྲིམས་འདུན་ཚུ་ མི་དབང་མངའ་བདག་རིན་པོ་ཆེའི་ དགོངས་བཞེད་ལྟར་ དྲང་ཁྲིམས་ཀྱི་ཞབས་ཏོག་ཚུ་ མཐའ་ཟུར་གྱི་མི་སེར་ཚུ་ལུ་ ཕན་རླབས་རྒྱ་ཆེར་བྱུང་ཡི་ཟེར་ དྲང་དཔོན་ལུང་བསྟན་གྱིས་ བཤད་ཡོདཔ་ཨིན་པས།
ཝེ་རིང་ལ་དྲུང་ཁག་ཁྲིམས་འདུན་དེ་ འཕྲལ་མགྱོགས་ར་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ནི་ཨིནམ་ལས་ རྒྱལ་ཁབ་ནང་ དྲུང་ཁག་ཚུ་གི་གྲས་ལས་ ཐིམ་ཕུག་གླིང་བཞི་དྲུང་ཁག་རྐྱངམ་གཅིག་ ལུས་ཡོདཔ་ཨིན་རུང་ འཆར་གཞི་༡༢ པའི་ནང་ གསར་བཞེངས་ཀྱི་ འཆར་གཞི་ནང་ ཚུད་ཡོདཔ་ཨིན་པས།
ལྷག་པར་དུ་ དྲང་ཁྲིམས་ཀྱི་ ཞབས་ཏོག་སྤྱོད་མི་ཡོངས་ཀྱི་ མཐའ་དོན་ཁོ་ནར་དམིགས་ཏེ་ འཕྲལ་ཁམས་ཅིག་ལས་ རྒྱལ་ཁབ་ཀྱི་ ཁྲིམས་འདུན་ཚུ་ནང་ བདེན་རྫུན་གྱི་ རྩོད་བཤེར་དབྱེ་དཔྱད་མཛད་ནི་ རྐྱངམ་གཅིག་གིས་མ་དོ་བར་ ཁྲིམས་འདུན་ཚུ་ལས་ ཞི་བའི་རྩོད་བཤེར་ཚུ་ནང་ ནང་ཁ་ནང་འགྲིགས་ཀྱི་ ཞབས་ཏོག་ཕུལ་ནིའི་ ལམ་ལུགས་འགོ་བཙུགས་གནང་ནུག་ཟེར་ཨིན་པས།
ལམ་ལུགས་གསར་བཙུགས་དེ་གིས་ མི་སེར་ཚུ་ལུ་ བདེན་རྫུན་དབྱེ་དཔྱད་ཐོག་ འཁྲུན་ཆོད་གནང་ནི་ཨིནམ་ལས་ མི་སེར་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་ དགའཝ་དང་མ་དགའཝ་ལས་བརྟེན་པའི་ ཞི་བའི་མི་སྡེ་ཚུ་ནང་ སྟབས་མ་བདེཝ་ ཐོན་དང་འཐོན་བཞིན་དུ་ཡོད་མི་ཚུ་ སེལ་ཐོག་ལས་ སྔར་ལས་ལྷག་པའི་ ཕན་རླབས་འབྱུང་འོང་ཟེར་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་གྱིས་ བཤད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *