དྲག་ཁག་གསུམ་གྱི་ དམག་མི་ཚུ་གིས་ མེ་སྦྱང་མ་ཕུལ་བའི་ཧེ་མར་ གུང་བློན་གོངམ་བགྲེསཔ་ལུ་ གུས་བཏུད་ཞུ་བའི་བསྒང་།

དྲག་པོའི་སྤྱི་ཁྱབ་བགྲེསཔ་ གུང་བློན་གོངམ་ བླམ་རྡོ་རྗེ་ མེ་སྦྱང་འབད་ཡོདཔ།

༉ འབྲུག་གི་བསྟན་སྲུང་དམག་སྡེའི་ གུང་བློན་གོངམ་བགྲེསཔ་ བླམ་རྡོ་རྗེའི་ མེ་སྦྱང་དེ་ ཁ་ཙ་ ཐིམ་ཕུག་དཔལ་འཁྱིལ་སློབ་གྲྭའི་ཐང་ནང་ དམག་སྡེའི་ལམ་ལུགས་ཐོག་ལས་ འགོ་འདྲེན་འཐབ་ནུག།
མེ་སྦྱང་གི་ གསུང་ཆོག་དེ་ཡང་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༡༠༠ གིས་ གནང་ཡོདཔ་ད་ སྐུ་ཕུང་དེ་ ཁོ་རའི་གཟིམ་ཅུང་ནང་ལས་ འབྲུག་གི་བསྟན་སྲུང་དམག་སྡེའི་དར་གྱིས་ སྤུར་ཞིནམ་ལས་ མེ་སྦྱང་ཕུལ་སར་ཞུཝ་ད་ དམག་སྡེའི་འགོ་དཔོན་ཚུ་གིས་ གུས་བཏུད་ཀྱི་ སྟི་སྭ་ཞུ་ཡོདཔ་ཨིན་པས།
མེ་སྦྱང་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ སྐུ་འཁོར་ བློན་ཆེན་ ལྷན་རྒྱས་གཞུང་ཚོགས་ཀྱི་འཐུས་མི་ དེ་ལས་ སྤྱི་ལོ་༡༩༩༠ དང་༢༠༠༣ གྱི་ ཞི་བའི་ཁས་བླངས་དམག་མི་དང་ དམག་མི་འགོ་དཔོན་བགྲེསཔ་ཚུ་གི་ ངོ་ཚབ་ཚུ་གིས་ བཅའ་མར་གཏོགས་ནུག།
དགུང་ལོ་༨༧ བཞེས་མི་ གུང་བློན་གོངམ་བགྲེསཔ་དེ་ སྤྱི་ཟླ་༤ པའི་ཚེས་༢༧ གྱི་ དྲོ་པ་ཁམས་ཅིག་ཁར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཤགས་ཡོདཔ་ཨིན་པས།
གུང་བློན་གོངམ་བགྲེསཔ་གིས་ རྒྱལཔོ་རིམ་བྱོན་གཉིས་ཀྱི་སྐུ་རིང་ལུ་ འབྲུག་གི་བསྟན་སྲུང་དམག་སྡེའི་ འགོ་བདག་སྦེ་ ལོ་ངོ་བཅུ་ཕྲག་༤ ལྷགཔ་ཅིག་གི་རིང་ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༣༣ ཟླ་༡༠ པའི་ཚེས་༢༣ ལུ་ ཧཱ་ལུ་འཁྲུངས་མི་ གུང་བློན་གོངམ་བགྲེསཔ་དེ་ འབྲུག་གི་བསྟན་སྲུང་དམག་སྡེ་འཕེལ་རྒྱས་མ་འགྱོ་བར་ འགོ་བཙུགས་ཀྱི་ གནས་ཚད་སྐབས་ དམག་མིའི་སྒྲིག་གཡོག་ནང་ འཛུལ་ཞིནམ་ལས་ ཁོ་རའི་སྒྲིག་གཡོག་དེ་ དམག་སྡེ་ནང་ར་ ཁྱད་ལྡན་ལུ་ གྱུར་ཡོདཔ་མ་ཚད་ བསྟན་སྲུང་དམག་སྡེ་དེ་ དཔའ་རྩལ་ལྡན་པའི་ ཁྱད་ལྡན་སྡེ་ཚན་སྒྲིང་སྒྲི་ཅིག་ལུ་ འཕེལ་སྐྱེད་འགྱོཝ་ད་ ཁོ་ར་ སྤྱི་ལོ་༢༠༠༥ ཟླ་༡༠ པའི་ཚེས་༣༠ ལུ་ དགོངས་ཞུ་འབད་ནུག།

གུང་བློན་གོངམ་བགྲེསཔ་གཤགས་མི་
བླམ་རྡོ་རྗེ།

གུང་བློན་གོངམ་བགྲེསཔ་ བླམ་རྡོ་རྗེ་གིས་ སྤྱི་ལོ་༡༩༥༤ གི་ལོ་མཇུག་ལུ་ རྒྱ་གར་དི་ར་དཱུན་ལུ་ རྒྱ་གར་དམག་སྡེའི་སློབ་ཁང་ལས་ དམག་སྦྱོང་མཐར་འཁྱོལ་ཡོདཔ་ད་ སྤྱི་ལོ་༡༩༥༩ ལུ་ དབང་འདུས་ཕོ་བྲང་ལུ་ དམག་སྦྱོང་ལྟེ་བ་གཞི་བཙུགས་ཀྱི་ འགན་ཁུར་དང་པ་ བཞེས་པའི་སྐབས་ དད་དམ་ཅན་གྱི་ མི་སེར་ཞིང་པ་༨༠ དམག་མི་ལུ་གྱུར་ཏེ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༥ རེ་དང་ ལྟོ་རྒྱགས་དུམ་གྲ་རེ་ལེན་ཐོག་ རྒྱལ་ཁབ་ལུ་ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༦༢ ཟླ་༨ པའི་ཚེས་༧ ལུ་ དམག་སྲིད་འོག་མའི་ གོ་གནས་ལུ་ བསྐོས་གནང་པའི་ཤུལ་ལུ་ དམག་སྦྱོང་ལྟེ་བའི་ བཀོད་དཔོན་སྦེ་ སྤྱི་ལོ་༡༩༦༣ ལས་༡༩༦༤ ཚུན་ ཕྱག་ཞུ་ནུག།
སྤྱི་ལོ་༡༩༦༤ ཟླ་༡༡ པའི་ཚེས་༢༥ ལུ་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཐིམ་ཕུག་ལུ་ དྲག་པོའི་ཡིག་ཚང་ལྟེ་བའི་ གཙོ་འཛིན་སྦེ་ བསྐོས་གནང་པའི་ཁར་ སྤྱི་ལོ་༡༩༧༠ ལུ་ དམག་སྲིད་གོང་མའི་ གོ་གནས་གནང་ནུག།
མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་༡༩༨༡ ཟླ་༦ པའི་ནང་ གོ་གནས་ཡར་སེང་ཐོག་ གུང་བློན་འོག་མ་སྦེ་དང་ སྤྱི་ལོ་༡༩༩༡ ཟླ་༨ པའི་ཚེས་༢ ལུ་ གུང་བློན་གོང་མའི་ གོ་གནས་གནང་ནུག།
འབྲུག་རྒྱལ་གསུམ་པ་མཆོག་གིས་ སྤྱི་ལོ་༡༩༦༩ ཟླ་༧ པའི་ནང་ གུང་བློན་གོངམ་བགྲེསཔ་ལུ་ འབྲུག་གཞུང་ཐུགས་སྲས་ཀྱི་ རྟགས་མ་གནང་ཡོདཔ་ད་ སྤྱི་ལོ་༡༩༩༡ ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་སྐབས་ འབྲུག་རྒྱལ་བཞི་པ་མཆོག་གིས་ ཁོ་ལུ་ འབྲུག་གི་བསྟན་སྲུང་དམག་སྡེའི་ གཟེངས་བསྟོད་རྟགས་མ་མཐོ་ཤོས་ཅིག་ཨིན་མི་ འབྲུག་གཡུལ་རྒྱལ་གྱི་ རྟགས་མ་གནང་ཡོདཔ་མ་ཚད་ ཁོ་གིས་ རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཡུན་རིངམོ་སྦེ་ ཕྱག་ཞུ་བའི་ ངོས་འཛིན་ལུ་ སྤྱི་ལོ་༢༠༠༡ ལུ་ དྲག་པོའི་དབང་རྒྱལ་གྱི་ རྟགས་མ་གནང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གུང་བློན་གོངམ་ བླམ་རྡོ་རྗེ་ལུ་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *