ས་རུད་ཆད་ནིའི་ ཉེན་ཁ་སྦོམ་ཡོད་མི་ དྭགས་ས་གཡུས་ཚན།

དྭགས་ས་གཡུས་ཚན་ནང་ ས་རུད་ཀྱི་ཉེན་འཚུབས་ལུ་བརྟེན་ ཁྱིམ་གུང་༥ དེ་ཅིག་ལུ་ དཀའ་ངལ་བྱུང་ཡོདཔ།

༉ མོང་སྒར་ ཐང་རོང་རྒེད་འོག་ དྭགས་ས་གཡུས་ཚན་ནང་ ན་ཧིང་ལས་འགོ་བཙུགས་ ཁྱིམ་གུང་པ་༥ འི་བཟའ་ཚང་ཚུ་ལུ་ གནམ་བྱཱར་ཆརཔ་གི་དུས་ཚོད་ལུ་ ཨ་རྟག་ར་ ཉལ་རུང་གཉིད་མེད་ བཟའ་རུང་བཅུད་མེད་པར་ སེམས་སྡུག་བསྔལ་ནང་སྡོད་དགོཔ་བྱུང་ནུག།
ས་རུད་དང་ཆུ་རུད་ཐོན་ཏེ་ སོ་ནམ་ས་ཞིང་ཚུ་མེདཔ་བཏང་པའི་ཁར་ ས་རུད་ཚུ་ སྡོད་ཁྱིམ་ནང་ལས་ཕར་ འཛུལ་འོངམ་མ་ཚད་ རྡོ་བུད་འོང་མི་དེ་གིས་ སྡོད་ཁྱིམ་ལུ་གནོད་པ་རྐྱབ་ནི་དེ་གིས་ ཁྱིམ་ནང་སྡོད་མ་ཚུགས་པའི་གནས་སྟངས་ནང་ཡོད་ནི་དེ་གིས་ ཨིན་པས།
རྐྱེན་ངན་དེ་ཡང་ གཡུས་ཚན་གྱི་ལྟག་ལུ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༦ དེ་ཅིག་འབད་མི་ ལྕང་ཤིང་དགོན་པ་སྤྱི་འོག་གི་ སོ་ནམ་ཞིང་ལམ་དེ་ གཡུས་ཚན་བརྒྱུད་དེ་ གཡུས་ཀྱི་ལྟག་ལས་ བཏོན་ནི་དེ་གིས་ འཁོར་ལམ་བདའ་སྟེ་འོང་མི་ ཆར་ཆུ་གིས་ རུད་ཆད་འོང་མི་ལུ་བརྟེན་ ཚེ་སྲོག་ལུ་ ཉེན་ཁ་ཡོདཔ་ཨིན་པས།
བཟའ་ཚང་ཚུ་ ཆརཔ་རྐྱབ་ཅིག་ ཚ་གྱང་ལང་སྟེ་ ཉེན་སྲུང་ཅན་གྱི་ས་ཁོངས་ནང་ གནས་སྐབས་ཀྱི་གུར་སྤུབས་ཏེ་ སྡོད་དོ་ཡོད་པའི་ཁར་ སྐྱབས་འཚོལ་བར་ རྒེད་འོག་ལྟེ་བ་ལུ་ འགྱོ་དོ་ཡོད་རུང་ ད་ལྟོ་ཡང་ སྐྱིད་སྡུག་ཐོབ་མ་ཚུགས་པར་འདུག།
ཉམས་རྒུདཔ་ཅིག་ཨིན་མི་ མཚོ་མོ་གིས་ མིག་ཆུ་དང་བཅསཔ་སྦེ་ སླབ་མིའི་ནང་ རྐྱེན་ངན་དེ་གིས་ སེམས་ཁར་ ཚ་གྱང་སྦོམ་སྦེ་ར་ ལངམ་མས་ཟེར་ཨིན་པས།
མོ་གིས་ སླབ་མི་དང་འཁྲིལཝ་ད་ ཆརཔ་རྐྱབ་པའི་སྐབས་ ཁྱིམ་ནང་སྡོད་པ་ཅིན་ ཚེ་སྲོག་ལུ་ཉེན་ཁ་ཡོདཔ་ལས་ ད་ལྟོ་ གནོད་སྐྱོན་བྱུང་མི་ ཁྱིམ་ཚང་གཞན་ཅིག་དང་གཅིག་ཁར་ གནས་སྐབས་ཅིག་ ཁྱིམ་ནང་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ སྦ་སྒོར་རྐྱབ་སྟེ་སྡོད་དོ་ཡོདཔ་ད་ ཆརཔ་ཆདཔ་ད་ ཁྱིམ་ནང་སྡོད་དོ་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ མོ་རའི་ཁྱིམ་དང་ གནས་སྐབས་སྡོད་སའི་བར་ན་ འགྲོ་འགྲུལ་འབད་ནི་དེ་ཡང་ བྱ་སྟབས་མ་བདེཝ་ཡོདཔ་མ་ཚད་ ཧང་སྟོང་མར་ ཆརཔ་རྐྱབ་ད་ ཆུ་རུད་ཀྱིས་ ལམ་འཕྱགས་བདའ་ནིའི་ ཉེན་ཁ་འདུག་ཟེར་ཨིནམ་ད་ ཚར་༢ དེ་ཅིག་ར་ མོ་ར་ ཨ་ལོ་༦ དང་གཅིག་ཁར་ ཁྱིམ་ནང་ལས་ སྦ་སྒོར་བལྟ་སྟེ་ལམ་འགྱོཝ་ད་ ས་རུད་ཀྱིས་ འཕྱགས་བདའ་ནི་འབད་ཡི་ཟེར་ཨིན་པས།
མཚོ་མོ་གིས་ སླབ་མིའི་ནང་ ས་རུད་ཆད་ནིའི་མནོ་བསམ་བཏང་སྟེ་ སྐམ་ཞིང་ཨེ་ཀར་ལས་བཅད་དེ་ འཕྱགས་བདའ་མི་དེ་ སྐྱིན་འགྲུལ་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ལེན་ཏེ་ འཁོར་ལམ་འོག་ལས་ རྩིགཔ་རྐྱབ་སྟེ་ རྡོ་སྦོམ་ཚུ་བཏོན་བཀོག་རུང་ ལོག་ཆད་འོངམ་མ་ཚད་ ཁྱིམ་གྱི་ལྟག་ལས་མར་ ས་རུད་ཀྱིས་ ཐབ་ཚང་ལྟེམ་ལྟེ་གངམ་མ་ཚད་ རྡོ་བུད་འོང་ནི་དེ་གིས་ ཁྱིམ་ནང་ རྩ་ལས་ར་ སྡོད་མི་ཚུགས་པས་ཟེར་ཨིན་པས།
མོ་གི་རྨགཔ་དེ་ ད་ལྟོ་ སྐྱིན་ཚབ་བཏབ་ནིའི་དོན་ལུ་ ས་གནས་གཞན་ཁར་ གླ་བཏགས་ཏེ་ ལཱ་འབད་བར་སོང་ཡོདཔ་ཨིན་པས།
ཉམས་རྒུདཔ་གཞན་ ཀོ་ཏ་དེ་ཡང་ ཁྱིམ་གྱི་གཡས་གཡོན་ལས་ ས་རུད་ཁག་༣ དེ་ཅིག་ ཆད་འོང་མི་ལུ་བརྟེན་ ས་ཞིང་ཨེ་ཀར་༢ དེ་ཅིག་ མེདཔ་བཏང་ཡོདཔ་ད་ ཁོ་གི་བཟའ་ཚང་དེ་ ཞིང་གི་མཇུག་ལུ་ སྤོག་ཏོ་ཅིག་གུ་ གུར་སྤུབས་ཏེ་སྡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་རུད་ཆད་ནིའི་ ཉེན་ཁ་སྦོམ་ཡོད་ནི་དེ་གིས་ ཆརཔ་རྐྱབ་པའི་སྐབས་ མཁོ་ཆས་ཚུ་འབག་སྟེ་ ཁོང་ར་ བཟའ་ཚང་ནང་མི་༦ གུར་ནང་སྡོད་པར་ འགྱོཝ་ཨིན་ཟེར་ཨིན་པས།
ཉམས་རྒུདཔ་ཚུ་གིས་ སླབ་མིའི་ནང་ སྐྱིད་སྡུག་ཞུ་ནིའི་དོན་ལུ་ རྒེད་འོག་བདག་སྐྱོང་ནང་ ཚར་༧ དེ་ཅིག་ འགྱོ་བའི་ཤུལ་ལས་ ས་ཆ་བརྗེ་སོར་གྱི་དོན་ལུ་ ས་ཚབ་འཚོལ་ནིའི་གནང་བ་ཐོབ་ཡོདཔ་ད་ ས་འཚོལ་རུང་ ལ་ལོ་ཅིག་ ཐག་རིང་བའི་ཁར་ ཆུ་མེད་པའི་དཀའ་ངལ་འདུག་ཟེར་ཨིན་པས།
ཨིན་རུང་ རྒེད་འོག་ལྟེ་བའི་ལམ་ཁ་ལས་ ཀི་ལོ་མི་ཊར་༢ ལྷགཔ་ཅིག་ལུ་ ཧེ་མ་ ལྕགས་སི་མཁར་གྱི་ མི་སེར་ཚུ་གིས་ རྩྭ་འབྲོག་སྦེ་ལག་ལེན་འཐབ་མི་ ས་ཆ་ཨེ་ཀར་༡༥༠ ལྷགཔ་ཅིག་ཡོད་སར་ སྤོ་ནིའི་དང་འདོད་ཡོད་རུང་ གནང་བ་མ་ཐོབ་ཟེར་ ཉམས་རྒུདཔ་ཚུ་གིས་ བཤདཔ་ཨིན་པས།
ཐང་རོང་དམང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༤-༡༥ ལུ་བཏོན་མི་ སོ་ནམ་ཞིང་ལམ་ལུ་བརྟེན་ དཀའ་ངལ་བྱུང་ནུག་ཟེར་ཨིནམ་ད་ རྒེད་འོག་གི་མ་དངུལ་དང་ གྲོང་མི་ཚུ་ ལཱ་ནང་འཐོན་བཅུག་སྟེ་ རྩིག་གྱང་དང་ ཆུ་གཡུར་རྐྱབ་ཡོད་རུང་ ས་རུད་བཀག་མ་ཚུགས་ནི་དེ་གིས་ སྐྱིད་སྡུག་ངེས་ཏིག་ཕོག་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉམས་རྒུདཔ་ཚུ་གི་ ཞུ་ཡིག་དེ་ རྫོང་ཁག་བདག་སྐྱོང་ལུ་ བཙུགས་ཡོདཔ་ད་ རྒེད་འོག་ནང་ ས་ཆ་ཆ་མཉམ་ར་ གྱེན་གཟར་དྲགས་གུ་ལས་ཕར་ ཆགས་ཡོད་ནི་དེ་གིས་ ཉམས་རྒུདཔ་ཆ་མཉམ་ལང་ཚུགས་པའི་ ས་ཆ་མེདཔ་ད་ ཉམས་རྒུདཔ་ཚུ་གིས་ ངོས་འཛིན་འབད་མི་ ལ་རྒྱབ་ལུ་འབད་བ་ཅིན་ འོས་འབབ་སྦོམ་མཐོངམ་མས་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་གིས་ རྩྭ་འབྲོག་གི་ཕྱི་ཁར་ ས་ཚབ་འཚོལ་དགོཔ་སྦེ་ སླབ་མི་དང་འཁྲིལ་ རྒེད་འོག་གི་ས་གནས་གཞན་ཚུ་ནང་ འཚོལ་བཅུག་སྟེ་ཡོད་ཟེར་ཨིན་པས།
རྫོང་ཁག་ས་ཁྲམ་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཆ་བརྗེ་སོར་གྱི་དོན་ལུ་ རྒེད་འོག་གིས་ ཞུ་ཡིག་རྐྱངམ་གཅིག་ རྫོང་ཁག་ནང་བཏང་ཡོདཔ་ད་ རྒེད་འོག་ཚོགས་ཆུང་གིས་ ཐག་བཅད་ཞིནམ་ལས་ བརྗེ་སོར་གྱི་དོན་ལུ་ དྲི་ཤོག་ཕཱོམ་ཚུ་བཀང་སྟེ་ ཡིག་ཆ་ཚུ་ རྫོང་ཁག་ནང་ གཏང་དགོ་ཟེར་ཨིན་པས།
དེ་ལས་རྐྱངམ་གཅིག་ རྫོང་ཁག་གིས་ སོ་ནམ་ལྷན་ཁག་ལུ་ གཏང་འོང་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ས་ཆ་དང་ རྩྭ་འབྲོག་གླར་སྤྱོད་ལམ་ལུགས་དང་འཁྲིལཝ་ད་ གླར་སྤྱོད་ཀྱི་ཐོབ་དབང་དེ་ འགོ་དང་པ་ ཧེ་མ་ རྩྭ་འབྲོག་འཆང་མི་ལུ་ཡོད་ནི་དེ་གིས་ ཉོགས་མེད་ཡི་གུ་ལེན་དགོཔ་ཨིན་པས།
ད་ལྟོ་ སྟབས་མ་བདེཝ་ཡོད་རུང་ འཕྲལ་མགྱོགས་ར་ གཞུང་ས་ལེགས་ཤོམ་ཅིག་འཚོལ་ཏེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ སྙན་ཞུ་ཕུལ་ཞིནམ་ལས་ རྒྱབ་སྐྱོར་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

བསམ་གྲུབ་ལྗོངས་མཁར་གྱི་ སློབ་གྲྭ་ཚུ་ ལོག་སྒོ་ཕྱེས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༨ ལས་ བསམ་གྲུབ་ལྗོངས་མཁར་གྱི་ ས་གོ་གཞན་ཁའི་ སློབ་གྲྭ་ཁག་ཚུ་ ལོག་སྒོ་ཕྱེས་ཡོད་རུང་ སློབ་ཕྲུག་ཨ་ལོ་ཚུ་ བདུན་ཕྲག་༡ གི་རིང་ ཟུར་བཞག་འབད་ཡོདཔ་ལས་ སློབ་ཕྲུག་མང་ཤོས་ར་ སྤྱི་ཟླ་༡༠ པའི་ཚེས་༤ …

Leave a Reply

Your email address will not be published. Required fields are marked *