དོན་ཧིང་གི་ ལྷན་ཐབས་འཕྲུལ་ཆས་པེསི་མེ་ཀར་ འགོ་དང་པ་ བཙུགས་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡ ལུ་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ སྐྱེས་ལོ་༥༤ ལང་མི་ ཨམ་སྲུ་ཅིག་ལུ་ དོན་ཧིང་གི་ ལྷན་ཐབས་འཕྲུལ་ཆས་ པེསི་མེ་ཀར་ཟེར་མི་དེ་ བཙུགས་ཡོདཔ་ད་ དེ་ཡང་ ཕྱི་ཁ་ལས་ མཁས་མཆོག་མ་འབོ་བར་ ང་བཅས་རང་གིས་ འགོ་དང་པ་ བཙུགས་མི་དེ་ འགོ་དང་པ་ཨིན་པས།
མ་གཞི་ དེ་གི་ཧེ་མ་ཡང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་སྨན་ཁང་ནང་སྦེ་ར་ ནདཔ་༢ ལུ་ འཕྲུལ་ཆས་དེ་ བཙུགས་ཡོདཔ་ཨིན་རུང་ དེ་བསྒང་ འཕྲུལ་ཆས་དེ་རྐྱངམ་གཅིག་ ཉོ་བའི་ཤུལ་ལུ་ མཁས་མཆོག་ཚུ་ ཕྱི་ཁ་ལས་འབོ་ཡོདཔ་ཨིན་པས།
ད་རེས་ཀྱི་ གནད་དོན་ནང་ ད་ལྟོ་ ཕྱི་རྒྱལ་ལུ་ དཔེ་ཆ་ལྷབ་པའི་བསྒང་ཨིན་རུང་ ཀོ་བིཌ་-༡༩ ལུ་བརྟེན་ ད་རེས་ ལོག་འབྲུག་ལུ་ལྷོད་མི་ ཌོག་ཊར་མ་ཧེཤི་གིས་ བཙུགས་ཡོདཔ་ཨིན་པས།
ཌོག་ཊར་མ་ཧེཤི་གིས སླབ་མིའིནང་ ནདཔ་དེ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ལས་ ཐིམ་ཕུག་ལུ་འབག་འོང་ཡོདཔ་ད་ དེ་བསྒང་ ནདཔ་དེ་གི་ དོན་ཧིང་གི་ འཕར་ཚད་གྱངས་ཁ་ དམའ་དྲགས་སྦེ་ཡོདཔ་ལས་ དྲན་མེད་ཐལ་སྡོད་ནུག་ཟེར་ཨིན་པས།
ཁོ་གིས་ འཕྲུལ་ཆས་བཙུགས་པའི་ཤུལ་ལུ་ ནདཔ་དེ་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོདཔ་ད་ དེ་ཡང་ འཕྲུལ་ཆས་དེ་གིས་ དོན་ཧིང་འཕར་ཚད་ ཚད་ལྡན་བཟོ་མི་ལུ་བརྟེན་ཏེ་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྡེ་འཛིན་ ཌོག་ཊར་མགོ་གསར་སྤེན་པ་གིས་ སླབ་མིའི་ནང་ མ་གཞི་ དོན་ཧིང་གི་ནདཔ་ཚུ་ལུ་ འཕྲུལ་ཆས་དེ་བཙུགས་པར་ རྒྱ་གར་ ཀཱོལ་ཀ་ཏ་ལུ་ གཏང་དགོཔ་ཨིན་རུང་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ བཏང་མ་ཚུགས་ལས་ ཌོག་ཊར་མ་ཧེཤི་གིས་ བཙུགས་ཚུགས་ཟེར་ སླབ་མི་ལུ་བརྟེན་ འཕྲུལ་ཆས་དེ་ མཁོ་སྒྲུབ་འབད་ཞིནམ་ལས་ བཙུགས་བཅུག་ཡི་ཟེར་ཨིན་པས།
འཕྲུལ་ཆས་དེ་ སྨན་བཅོས་འབད་བར་ ཕྱི་ཁར་གཏང་ནིའི་ མ་དངུལ་ཐོག་ལས་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་གཞི་ནདཔ་ཚུ་ རྒྱ་གར་ལུ་ གཏང་དགོ་པ་ཅིན་ ཟད་འགྲོ་ལྕི་དྲགས་གནས་ནི་ཨིནམ་ལས་ འབྲུག་ལུ་ར་ འབད་ཚུགས་མི་དེ་གིས་ ཟད་འགྲོ་མར་ཕབ་འབད་ཚུགས་ཟེར་ཨིན་པས།
གཞན་འབད་བ་ཅིན་ ནདཔ་དང་ ནད་གཡོགཔ་ཅིག་ལུ་ ཉིན་འཐུས་སྤྲོད་དེ་ གནམ་གྲུ་ནང་སྦེ་ རྒྱ་གར་ལུ་ བཏང་པའི་སྐབས་ སྨན་བཅོས་ཀྱི་དོན་ལུ་ ཉིན་གྲངས་༡༠ དེ་ཅིག་ འགོརཝ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྨན་བཅོས་ཀྱི་འཐུས་དང་ འཕྲུལ་ཆས་ དེ་ལས་ སྨན་ཁང་གི་ ཉལ་ཁྲིའི་གླ་འཐུས་ཚུ་ སྤྲོད་དགོཔ་མ་ཚད་ ཞབས་ཏོག་གཞན་ཚུ་གི་དོན་ལུ་ གླ་འཐུས་སྤྲོད་དགོཔ་ལས་ ཟད་འགྲོ་སྦོམ་སྦེ་ར་ གནས་ནི་ཡོད་ཟེར་ཨིན་པས།
ཌོག་ཊར་མགོ་གསར་སྤེན་པ་གིས་ སླབ་མིའི་ནང་ ནདཔ་ཚུ་གི་ དོན་ཧིང་གི་གནས་སྟངས་དང་འཁྲིལ་ པེསི་མེ་ཀར་འཕྲུལ་ཆས་ཡང་ མ་འདྲཝ་ཚུ་བཙུགས་དགོཔ་ད་ འཕྲུལ་ཆས་རེ་ལུ་ དངུལ་ཀྲམ་༡༦༠,༠༠༠ དང་༡༨༠,༠༠༠ གི་བར་ན་ གནསཔ་ཨིན་ཟེར་ཨིན་པས།
སྡེ་ཚན་གྱིས་ བཤད་མིའི་ནང་ ལོ་༥ འི་འཆར་གཞི་༡༢ པའི་ནང་ ཐིམ་ཕུག་སྨན་ཁང་ནང་ པེསི་མེ་ཀར་བཙུགས་ཚུགསཔ་སྦེ་ བཟོ་ནིའི་འཆར་གཞི་ཡོད་རུང་ ད་ལྟོ་ ནད་ཡམས་ལུ་བརྟེན་ འབད་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིནམ་ད་ ཌོག་ཊར་མ་ཧེཤི་གིས་ སློབ་སྦྱོང་མཇུག་བསྡུ་བའི་ཤུལ་ལུ་ འཕྲོ་མཐུད་དེ་ར་ ལཱ་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *