ཕྱིར་ཚོང་འཐབ་ནི་ཨིན་མི་ འབྲུག་པའི་ཨེ་པཱལ་ཚུ།

དུས་ཅི་ ཨེ་པཱལ་གྱི་ཐོན་སྐྱེད་ མར་བབས་སོང་བའི་ཁར་ གོང་ཚད་ཡང་ དམའ་སུ་ཨིནམ།

༉ ཨེ་པཱལ་ཕྱིར་ཚོང་འཐབ་མི་ཚུ་དང་འཁྲིལཝ་ད་ དུས་ཅི་ ཐོན་སྐྱེད་མར་བབས་སོང་བའི་ཁར་ གོང་ཚད་ཡང་ དམའ་སུ་ཨིན་མས་ཟེར་ ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་མིའི་ནང་ ཨེ་པཱལ་གྱི་ཐོན་སྐྱེད་དེ་ ད་ལས་ཕར་འབད་རུང་ མར་བབས་འགྱོ་ནི་མས་ཟེར་ཨིནམ་ད་ དེ་ཡང་ གོང་འཕེལ་གྱི་ལས་སྣ་ཤུགས་ཆེ་མི་ལུ་བརྟེན་ ཨེ་པཱལ་ལྡུམ་ར་ཚུ་ མང་ཤོས་ར་ ཁྱིམ་རྐྱབ་ནི་དང་ ཚོང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་ནི་དེ་གིས་ཨིནམ་ད་ ཨེ་པཱལ་འཛུགས་སྐྱོང་འབད་མི་རྫོང་ཁག་ སྤ་རོ་དང་ ཐིམ་ཕུག་གཉིས་ནང་ཡང་ ཐོན་སྐྱེད་རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོདཔ་ཨིན་པས།
ཐིམ་ཕུག་ལས་ ཨེ་པཱལ་ཕྱིར་ཚོང་འཐབ་མི་ ཀུན་ལེགས་རྒྱལམོ་གིས་ སླབ་མིའི་ནང་ ཐིམ་ཕུག་གི་ས་གནས་ སྡེཔ་སྲིད་དེ་ གོང་འཕེལ་གྱི་དོན་ལུ་ ཨེ་པཱལ་ལྡུམ་ར་མེདཔ་བཏང་ཡོད་པའི་ དཔེ་ངོ་མ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ས་གནས་དེ་ནང་ ཨེ་པཱལ་ལྡུམ་ར་ལེ་ཤ་ཡོད་རུང་ ད་རེས་ སྒྲིང་ཁྱིམ་ཚུ་མ་གཏོགས་ ཨེ་པཱལ་གྱི་ཤིང་མིན་འདུག་ཟེར་ མོ་གིས་བཤད་པའི་ཁར་ ཕྱིར་ཚོང་འཐབ་མི་ དཀོན་མཆོག་གིས་བཤད་མིའི་ནང་ ཨེ་པཱལ་ལྡུམ་རའི་ ཇོ་བདག་ཚུ་གིས་ དངུལ་ཐོག་དེ་ལུ་བརྟེན་ འོང་འབ་བཟོ་ནི་བ་ སྒྲིང་ཁྱིམ་རྐྱབ་སྟེ་ ཁང་གླ་ལེན་པ་ཅིན་ དྲག་ནི་མས་ཟེར་བའི་ མནོ་ལུགས་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལོ་གཅིག་ནང་ ཨེ་པཱལ་གྱི་ཐོན་སྐྱེད་ལེགས་ཤོམ་འཐོན་པ་ཅིན་ ཤུལ་མའི་ལོ་ནང་ ལེགས་ཤོམ་འོང་ནི་མེད་ཟེར་ཨིནམ་ད་ ད་རེས་ནངས་པར་ མི་ཚུ་གིས་འབད་རུང་ ཨེ་པཱལ་བཙུགས་ཏེ་ འོང་འབབ་ལེགས་ཤོམ་འཐོབ་མི་ཚུགས་ཟེར་ སླབ་ནི་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༠ དེ་ཅིག་ཁར་ སེམས་རྟོགས་ཁ་ལུ་ སའི་ཇོ་བདག་ ཚེ་རིང་གིས་ ལོ་༡ ནང་ ཨེ་པཱལ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་ བཟོ་ནི་ཡོད་རུང་ འདས་པའི་བདུན་ཕྲག་ནང་ མོ་གིས་ ཨེ་པཱལ་ལྡུམ་ར་དེ་ རིན་བསྡུར་ཐོག་ལས་ དངུལ་ཀྲམ་༡༥,༠༠༠ སྦེ་ བཙོང་ཡོདཔ་ཨིན་པས།
མོ་ལུ་ ཨེ་པཱལ་ཤིང་༢༠༠ དེ་ཅིག་ཡོད་མ་ལས་ ད་རེས་༥༠ དེ་ཅིག་ལུ་ མར་བབས་སོང་ཡོདཔ་ད་ མོ་གིས་སླབ་མིའི་ནང་ ཁྱིམ་རྐྱབ་དགོཔ་ཐོནམ་ད་ ཤིང་ཡང་ གཏོག་གཏང་དགོཔ་ཐོནམ་མས་ཟེར་ཨིན་པས།
གོང་ཚད་ཀྱི་ཐད་ཁར་ ཀུན་ལེགས་རྒྱལམོ་གིས་ སླབ་མིའི་ནང་ དུས་ཅི་ ཕྱིར་ཚོང་འགོ་བཙུགསཔ་ད་ར་ གོང་ཚད་ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ན་ཧིང་དང་ཕྱདཔ་ད་ ཐོན་སྐྱེད་དྲག་པས་ཟེར་ཨིན་པས།
དཀོན་མཆོག་དང་འཁྲིལཝ་ད་ གོང་ཚད་ཐད་ཁར་ ཕྱིར་ཚོང་འཐབ་མི་ཚུ་དང་ འཁྲིལ་དགོ་པས་ཟེར་ བཤད་མི་དེ་ཡང་ ཁོ་གིས་འབད་བ་ཅིན་ འབྲུག་མི་ཚུ་ ཕུན་ཚོགས་གླིང་ལུ་ཡོད་མི་ ཚོང་འབྲེལ་བ་ཚུ་གིས་ འོང་འབབ་ལེགས་ཤོམ་འཐོབ་ཚུགས་ཟེར་སླབ་སྟེ་ གོང་ཚད་ཉུང་སུ་སྦེ་ཉོ་སྟེ་ ས་མཚམས་ཁར་བཙོང་པར་འགྱོཝ་ད་ རྒྱ་གར་གྱི་མི་ཚུ་གིས་ ཤིམ་ལ་དང་ གཞན་རྒྱ་གར་གྱི་ ས་གནས་ཚུ་ལས་ ཨེ་པཱལ་ཐོན་མི་དེ་གིས་ གོང་ཚད་ལུ་ ཐོ་ཕོག་ནུག་ཟེར་ ཤོབ་རྐྱབ་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།
ཁོ་གིས་བཤད་མིའི་ནང་ བང་ལ་དེཤ་ལུ་ འབྲུག་པའི་ཨེ་པཱལ་བཙོང་ནི་དེ་ཡང་ མར་བབས་སོང་སྟེ་ཡོད་ཟེར་ཨིནམ་ད་ བང་ལ་དེཤ་ལུ་ ཨ་རྟག་ར་ ཕྱིར་ཚོང་འཐབ་མི་ ཉིམ་ཚེ་རིང་གིས་ སླབ་མིའི་ནང་ བང་ལ་དེཤ་ལུ་ཡོད་མི་ ཕྱིར་ཚོང་ཆ་རོགས་ཀྱིས་ འབྲུག་པའི་ཨེ་པཱལ་གྱི་ ཚོང་ལམ་ལེགས་ཤོམ་མིན་འདུག་ཟེར་ སླབ་ནི་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གོང་ཚད་མཐོ་སུ་ཡོད་རུང་ སྤུས་ཚད་ལེགས་ཤོམ་མེདཔ་ འོང་ནི་མས་ཟེར་ཨིནམ་ད་ ཀུན་ལེགས་རྒྱལམོ་གིས་ བང་ལ་དེཤ་ལུ་ཡ ངོ་ཤེས་མི་ཚུ་གིས་ ཚོང་ལམ་ལེགས་ཤོམ་མིན་འདུག་ཟེར་ སླབ་ནི་འདུག་ཟེར་ཨིན་པས།
མོ་གིས་ སྤྱི་ལོ་༢༠༡༧ ལས་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་་ནི་ བཤོལ་བཞག་པའི་ཤུལ་ལས་ རྒྱ་གར་ལུ་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།
སྤུས་ཚད་ལེགས་ཤོམ་ཡོད་པ་ཅིན་ ཕུན་ཚོགས་གླིང་ལུ་ གོང་ཚད་དངུལ་ཀྲམ་༦༠༠ དང་༧༥༠ གི་བར་ན་ ཐོབ་དོ་ཡོད་མི་དེ་ འགོ་ཐོག་བཙོང་པའི་སྐབས་ཀྱི་ གོང་ཚད་དངུལ་ཀྲམ་༥༠༠ དང་ཕྱདཔ་ད་ དུམ་གྲ་ཅིག་ ཡར་སེང་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ཨེ་པཱལ་སྒྲོམ་རེ་ལུ་ དངུལ་ཀྲམ་༦༠༠ ལས་༡༠༠༠ གི་བར་ན་ ཐོབ་ཡོདཔ་ད་ སྒྲོམ་རེ་ནང་ ཀེ་ཇི་༡༨ དང་༢༠ གི་བར་ན་ ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཕྱིར་ཚོང་འཐབ་མི་ ཨོ་རྒྱན་ཚོང་ཁང་གི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ན་ཧིང་གི་ སྤུས་ཚད་དང་ཕྱདཔ་ད་ དུས་ཅི་ དྲག་པས་ཟེར་ཨིནམ་ད་ ཨིན་རུང་ ཚོང་ལམ་དེ་ཅིག་ར་ མིན་འདུག་ཟེར་ཨིན་པས།
སྟག་སེང་ཁྱུང་ཕྱིར་ཚོང་ལས་སྡེའི་ ཇོ་བདག་དང་འཁྲིལཝ་ད་ རྒྱ་གར་ལས་ཐོན་མི་ ཨེ་པཱལ་ཚུ་ འབྲུག་གི་ཨེ་པཱལ་དང་ཕྱདཔ་ད་ ཡོངས་གྲགས་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *