སྐོར་ཕུག་རྒེད་འོག་ནང་ འཛུགས་སྐྱོང་འབད་མི་ དངུལ་ཐོག་ཨ་ལཱན་ཅི་ཚུ།

དུས་ཅི་ སྐོར་ཕུག་རྒེད་འོག་ནང་ ཨ་ལཱན་ཅི་གི་ ཐོན་ཤུགས་ལེགས་ཤོམ་ཡོདཔ།

༉ ཀྲོང་གསར་སྐོར་ཕུག་རྒེད་འོག་གི་ མི་སེར་ཚུ་ དུས་ཅི་ དངུལ་ཐོག་ཨ་ལཱན་ཅི་གི་ ཐོན་ཤུགས་ལེགས་ཤོམ་འོང་ནི་མས་ཟེར་ སེམས་དགའ་ཡོདཔ་ཨིན་རུང་ ཚོང་འབྲེལ་གྱི་དོན་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ ཨ་ལཱན་ཅིའི་ཐོན་ཤུགས་ ལེགས་ཤོམ་འོང་བའི་ རེ་བ་ཡོད་མི་དེ་ཡང་ ཆར་ཆུ་འབོལ་ནི་དེ་གིས་ཨིན་པས།
སྐོར་ཕུག་གི་མི་ཚུ་གི་དོན་ལུ་ དངུལ་ཐོག་ཨ་ལཱན་ཅི་དེ་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་ཅིག་ཨིན་པས།
ཨིན་རུང་ ག་དེ་སྦེ་ ཚོང་འབྲེལ་འཐབ་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྟེ་ཡོདཔ་ད་ དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་མི་ཕོག་ག་ཟེར་ཨིན་པས།
སྐོར་ཕུག་ལས་ འཕྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ ཨ་ལཱན་ཅི་ཚུ་ མེ་ཏོག་ལེགས་ཤོམ་ཤར་དོ་ཡོདཔ་ད་ དེ་ཡང་ འཕྲལ་ཁམས་ཅིག་ཁར་ རླུང་འཚུབས་ཨམ་ཕཱན་ལུ་བརྟེན་ ཆརཔ་རྐྱབ་མི་དེ་གིས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
ཨ་ལཱན་ཅིའི་ཞིང་ཚུ་ ལ་ལོ་ཅིག་ གྱེན་གུ་ལས་་དང་ ལ་ལོ་ཅིག་ ལུངམ་ཚུ་ནང་ཨིནམ་ལས་ ཆརཔ་མ་ཆད་པར་རྐྱབ་མི་དེ་གིས་ གྱེན་གུ་ཡོད་པའི་ཞིང་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ འདམ་རྫབ་ནང་ཡོད་མི་ཚུ་ ཆུ་དྲགས་མི་ལུ་བརྟེན་ ཤི་དོ་ཡོདཔ་ཨིན་པས།
ཨ་ལཱན་ཅི་ཡོད་པའི་ ས་གནས་ནང་བལྟ་བ་ཅིན་ འདབ་མ་ཚུ་ སྐམ་དོ་དོ་ཡོདཔ་ལས་ ཐོན་ཤུགས་ལུ་ དུམ་གྲ་ཅིག་ ཐོ་ཕོག་ནི་བཟུམ་སྦེ་ མཐོང་དོ་ཡོདཔ་ཨིན་པས།
ཨིན་རུང་ ཕུརཔ་བཀྲིས་ཀྱིས་ སླབ་མིའི་ནང་ འདབ་མ་སྐམ་མི་དེ་ རྙིངམོ་ཚུ་ཨིནམ་ལས་ དེ་ཚུ་ བཏོགས་གཏང་དགོ་ཟེར་ཨིནམ་ད་ འདབ་མ་གསརཔ་འཐོན་ནི་ཡོདཔ་ལས་ ཐོན་ཤུགས་ལུ་ ཐོ་མི་ཕོག་ཟེར་ཨིན་པས།
ཡེ་ཤེས་དཔལ་སྒྲོན་གྱིས་ སླབ་མིའི་ནང་ འདབ་མ་སྐམ་ནི་དེ་ ལོ་བསྟར་བཞིན་དུ་ ཐོན་དོ་ཡོདཔ་ལས་ ཚ་གྱང་མེད་རུང་ ཨ་ལཱན་ཅི་གི་ མེ་ཏོག་ཚུ་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ཤི་འགྱོཝ་མས་ཟེར་ཨིན་པས།
མོ་གིས་ ཨ་ལཱན་ཅི་གི་ ལཱ་འབད་དེ་ ལོ་༣ དེ་ཅིག་ལང་ཡོདཔ་ད་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ ཐོན་ཤུགས་ཆེ་ནི་ཨིན་རུང་ ག་ཏེ་བཙོང་ནི་ཨིན་ན་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ རྒྱ་གར་རྒྱལ་ཁབ་ སྒོ་བསྡམས་ཏེ་ར་ ལུས་པ་ཅིན་ བཙོང་ས་མེད་ཟེར་ཨིནམ་ད་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ ཉོ་དོ་ཡོདཔ་ཨིན་རུང་ གོང་ལེགས་ཤོམ་མི་ཐོབ་པས་ཟེར་ཨིན་པས།
འདས་པའི་ཉམས་མྱོང་དང་འཁྲིལཝ་ད་ ཟ་སྤྱོད་ལས་འཛིན་གྱིས་ ཉོ་བའི་སྐབས་ དབྱེ་ཁག་ལེ་ཤ་ཕྱེ་དོ་ཡོདཔ་ལས་ གོང་མ་འཐོབ་པའི་ཁར་ ན་ཧིང་ གུང་པ་༣ དེ་ཅིག་ བཙོང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
སྐོར་ཕུག་རྒེད་འོག་ནང་ ཁྱིམ་གུང་༢༠༠ དེ་ཅིག་ཡོདཔ་བཞིན་དུ་ ཆ་མཉམ་ར་ དངུལ་ཐོག་ཨ་ལཱན་ཅི་ འཛུགས་སྐྱོང་འབད་དོ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *