དུས་ཅི་ སེརཝ་གིས་ མེ་ཏོག་བཅོམ་བཏང་མི་ གུ་ལི་ཤིང་དང་ ཨམ་ཅུ་ཀུ་ལི་ཤིང་ཚུ།

དུས་ཅི་ ཤིང་འབྲས་ཚུ་བསྡུ་མ་ཚུགས་རུང་ སང་ཕོད་ལས་ འོང་འབབ་བཟོ་ཚུགས་པའི་རེ་བ།

༉ ཞི་གཡོགཔ་ལས་ སོ་ནམ་པ་ལུ་གྱུར་མི་ ཡེ་ཤེས་དབང་ཕྱུག་དེ་ ཉིམ་གི་དྲོད་ཀྱིས་འབད་མ་ཚུགས་པར་ ཁོ་རའི་ སྦ་སྒོར་ཁྱིམ་ཆུང་ནང་ ངལ་འཚོ་སྟེ་སྡོད་སར་མཐོང་ཡོདཔ་ད་ དུམ་གྲ་ཅིག་གི་རྒྱབ་ལས་ ཚ་དྲོད་མར་བབས་འགྱོཝ་ད་ ལོག་འཕྲོ་མཐུད་དེ་ སོ་ནམ་ཞིང་ལཱ་འབད་ནི་ འགོ་བཙུགསཔ་ཨིན་པས།
སྐྱེས་ལོ་༣༤ ལང་མི་ ཡེ་ཤེས་དབང་ཕྱུག་གིས་ ལོ་༣ གྱི་ཧེ་མར་ ཁོ་ར་ དངུལ་རྩིས་ལྷན་ཁག་ནང་ ལཱ་འབད་སྡོད་པའི་བར་ན་ ལོག་གཡུས་ཁར་འོང་ཞིནམ་ལས་ སོ་ནམ་ཞིང་ལཱ་འབད་སྡོད་ནི་སྦེ་ ཐག་བཅད་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ སོ་ནམ་པ་སྦེ་སྡོད་ནིའི་ གནས་སྐབས་དེ་ཡང་ ཁོ་ར་ རྒྱ་གར་ལུ་ ཤེས་ཡོན་སྦྱང་སྡོད་པའི་སྐབས་ ཐོབ་ཅི་ཟེར་ ཨིན་པས།
དེ་གི་ཤུལ་ལས་ གཡུས་ཁར་ ས་ཆ་ཨེ་ཀར་ཕྱེད་དང་༥ དེ་ཅིག་ཡོད་མིའི་ནང་ གུ་ལི་ཤིང་༢༠༠ དང་ ཨམ་ཅུ་ཀུ་ལི་ཤིང་༡༠༠ ལྷགཔ་ཅིག་ འཛུགས་སྐྱོང་འབད་མི་དེ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ མེ་ཏོག་ཏེམ་ཏེམ་སྦེ་ ཤར་ནི་དེ་གིས་ སེམས་དགའ་སྟེ་སྡོད་པའི་བར་ན་ སེརཝ་གིས་ བཅོམ་བཏང་པའི་ཤུལ་ལས་ སེམས་ཕམ་བྱུང་ནུག།
ཨིན་རུང་ ཁོ་གི་ལོ་ཐོག་ཚུ་ ཉེན་བཅོལ་འབད་ནི་དེ་གིས་ གནོད་པ་རྐྱབ་པའི་ཉེན་བཅོལ་འཐུས་ དངུལ་ཀྲམ་༡༠༠,༠༠༠ ཐོབ་ནི་དེ་གིས་ ཧེ་མ་ ཁོ་གི་ཤིང་འབྲས་ཀྱི་ཤིང་ཚུ་ ཤི་བའི་སྐབས་བཟུམ་ཅིག་ སེམས་མ་ཤི་ཟེར་ བཤདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ འགོ་ཐོག་ལུ་ ཁོ་གིས་ ཤིང་ལྕངམ་རེ་ལུ་ དངུལ་ཀྲམ་༡༥༠ རེ་སྤྲོད་དེ་ སྤ་རོ་ལས་ སྒེར་གྱི་ལྕངམ་བཟོ་ཁང་ནང་ལས་ གུ་ལི་ཤིང་༢༠༠ དེ་ཅིག་ཉོ་མི་དེ་ ཆ་མཉམ་ཤི་ཡོདཔ་བཞིན་དུ་ ཤིང་ཚབ་དང་ ཡང་ཅིན་ ཧེ་མ་སྤྲོད་མི་རིན་ ལོག་གནང་ཟེར་སླབ་རུང་ ལྕངམ་ཚར་གཅིག་འབག་སོང་ཞིནམ་ལས་ ལེན་ནི་མེད་ཟེར་སླབ་སྟེ་ མ་བྱིན་ནི་དེ་གིས་ སེམས་ཤུགས་མེདཔ་ཐལ་ཡི་ཟེར་ཨིན་པས།

ཉིམ་གི་དྲོད་ཀྱིས་འབད་མ་ཚུགས་པར་ ངལ་འཚོ་སྡོད་མི་ ཡེ་ཤེས་དབང་ཕྱུག།

ཨིན་རུང་ ཝེང་མཁར་སོ་ནམ་ཞིབ་འཚོལ་ལྟེ་བ་གིས་ རྒྱབ་སྐྱོར་ཐོག་ལས་ གུ་ལི་ཤིང་ཚབ་གནང་ནི་དེ་གིས་ སེམས་དགའ་ཡི་ཟེར་ ཡེ་ཤེས་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་ སོ་ནམ་ལཱ་ འགོ་མ་བཙུགས་པའི་ཧེ་མར་ མ་དངུལ་གྱི་དོན་ལུ་ གྲོང་གསེབ་ལས་སྡེ་སྐྱིན་འགྲུལ་ལུ་ ཡི་གུ་བཙུགས་ཡོད་རུང་ ཁྱད་ཚད་ལེ་ཤ་ཡོད་ནི་དེ་གིས་ བཤོལ་བཞག་འབད་དེ་ སྤུན་ཆ་ཚུ་ལས་ མ་དངུལ་༣༠༠,༠༠༠ དེ་ཅིག་འཚོལ་ཏེ་ ས་ཆ་གོང་འཕེལ་དང་ གློག་ཐག་ར་བ་ དེ་ལས་ ས་གནས་རྒྱས་གནས་ལ་ཟེར་ས་ལས་ ས་གནགཔོ་ཚུ་འབག་འོང་སྟེ་ ཤིང་འབྲས་ཤིང་འཛུགས་སྐྱོང་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་ཡི་ཟེར་ཨིན་པས།
དེ་ཅིག་བར་ན་ གཙོ་རིམ་ལས་སྡེའི་སྐྱིན་འགྲུལ་གྱི་ གནས་ཚུལ་གོཝ་ཅིག་ དངུལ་ཀྲམ་༥༠༠,༠༠༠ སྐྱིན་འགྲུལ་ཡི་གུ་བཙུགསཔ་ད་ དངུལ་ཀྲམ་༤༥༠,༠༠༠ དེ་ཅིག་ སྐྱིན་འགྲུལ་ཐོབ་ཡོདཔ་ལས་ ལྕངམ་འཛུགས་སྐྱོང་འབད་དེ་ འཕྲོ་མཐུད་དེ་ སོ་ནམ་ཞིང་ལཱ་འབད་ནི་ལུ་ ཕན་ཐོགས་ཅི་ཟེར་ ཨིན་པས།
ཡེ་ཤེས་དབང་ཕྱུག་དེ་ མོང་སྒར་ལུ་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ཞབས་ཏོག་ཐོབ་མི་ དག་པ་ཅིག་གི་གྲས་ལས་ གཅིག་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་དེ་ རྟགས་མ་དང་ ཁས་ལེན་པ་ ག་ནི་ཡང་ འཚོལ་མ་དགོ་པར་ ཨིན་རུང་མེན་རུང་ དངུལ་ཐོག་ཉེན་བཅོལ་རྐྱངམ་གཅིག་ འབད་དགོཔ་ལས་ སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
ཨིན་རུང་ གདོང་ལེན་སྦོམ་ཤོས་ཅིག་ རྒྱ་སྐྱེད་དང་ ལཱ་གཞན་གྱི་དོན་ལུ་ ལྷན་ཐབས་མ་དངུལ་མེད་མི་དེ་ཨིནམ་ད་ དུས་ཅི་ ཉེན་བཅོལ་ལས་སྡེ་ལས་ རྒུད་འཐུས་ཐོབ་མི་དེ་ དངུལ་ཁང་གིས་མ་འབག་རུང་ ཁོ་གིས་ འོང་འབབ་ཀྱི་དོན་ལུ་ ལྷན་ཐབས་ལཱ་ འབད་ཚུགས་ཚུགསཔ་འོང་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ མ་གཞི་ ད་ལྟོ་ སྐྱིན་ཚབ་ལོག་སྤྲོད་ནིའི་ དུས་ཚོད་ཡང་ མ་རན་ཟེར་ཨིནམ་ད་ ལྷན་ཐབས་མ་དངུལ་ཡོད་པ་ཅིན་ ད་རུང་ དུས་མཐུན་གྱི་ ཤིང་འབྲས་དང་ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འཐབ་སྟེ་ འོང་འབབ་བཟོ་ཚུགས་ཚུགསཔ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཅི་ ལྷན་ཐབས་ཀྱི་ལཱ་ ག་དེ་སྦེ་ འབད་ཚུགས་གའི་ ཚ་གྱང་ཡོད་རུང་ ཤུལ་མའི་ལོ་ཚུ་ནང་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ འཐོན་འོང་མནོ་བའི་རེ་བ་ཡོད་ཟེར་ ཨིན་པས།
ཁོ་གིས་ ཤིང་ཐོག་ལྡུམ་ར་ནང་ གུ་ལི་ཤིང་དང་ ཨམ་ཅུ་ཀུ་ལི་ཤིང་དང་གཅིག་ཁར་ ཌེ་གཱོན་ཤིང་༡༥༠ དེ་ལས་ པེ་ཤཱན་ཤིང་འབྲས་༣༠༠ འཛུགས་སྐྱོང་འབད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *