ཉམས་གསོ་ཞུ་རན་མི་ གཞལམ་སྒང་རྫོང་།

དུས་ཅི་ ལོ་རྫོགས་ཁམས་ལུ་ གཞལམ་སྒང་རྫོང་ཉམས་གསོའི་ ཁ་གསལ་སྙན་ཞུ་ གྲ་སྒྲིག་བཟོ་ནི།

༉ གལ་སྲིད་ འཆར་གཞི་དང་འཁྲིལ་ འགྱོ་བཏུབ་པ་ཅིན་ དུས་ཅི་ ལོ་རྫོགས་ཁམས་ཅིག་ལས་ གཞལམ་སྒང་རྫོང་ཉམས་གསོའི་ ལས་འགུལ་ཁ་གསལ་སྙན་ཞུ་ གྲ་སྒྲིག་བཟོ་ནི་ཨིན་པས།
ལས་འགུལ་གྱི་ ཁ་གསལ་སྙན་ཞུ་དང་ ལས་འཆར་ཚུ་ཡང་ ལམ་ལུགས་དང་འཁྲིལ་ ནང་སྲིད་ལྷན་ཁག་གིས་ བཟོ་ནི་ཨིན་པས།
མ་གཞི་ རྫོང་ཉམས་གསོའི་འཆར་གཞི་དེ་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ བཟོ་ཐོག་ལས་ འཆར་གཞི་༡༢ པའི་ནང་ ལཱ་འགོ་བཙུགས་ནིའི་ དཔའ་བཅམ་ཡོད་རུང་ འཆར་གཞི་དང་འཁྲིལ་ ལཱ་འབད་མ་ཚུགསཔ་ཨིན་པས།
གཞལམ་སྒང་རྫོང་བདག་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཉམས་གསོའི་ལཱ་ འགོ་བཙུགས་ནིའི་དོན་ལུ་ འཆར་གཞི་ཡོངས་རྫོགས་ཅིག་ མིན་འདུག་ཟེར་ཨིནམ་ད་ ཧེ་མ་ མ་དངུལ་ཡོད་པའི་སྐབས་ རྫོང་གི་རྩ་བར་ སྡོད་ཁྱིམ་དང་ ཐབ་ཚང་ དེ་ལས་ མགྱོན་ཁྱིམ་ཚུ་ བཟོ་སྐྲུན་འབད་ནུག་ཟེར་ཨིན་པས།
ད་རེས་ ལས་འགུལ་གྱི་འཆར་གཞི་ཚུ་ བཟོ་བའི་བསྒང་ཡོདཔ་ལས་ གྲུབ་འབྲས་ཅན་སྦེ་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྫོང་བདག་གིས་ བཤད་མིའི་ནང་ ནང་སྲིད་ལྷན་ཁག་གིས་ ལས་འགུལ་གྱི་ ཁ་གསལ་སྙན་ཞུ་དེ་ གང་མགྱོགས་གྲ་སྒྲིག་བཟོ་ནི་སྦེ་ ཁ་བཟེད་དེ་ཡོད་ཟེར་ཨིནམ་ད་ རྒྱུ་དངོས་ཀྱི་ སྟབས་བདེ་ཧིང་དང་འཁྲིལ་ འཆར་གཞི་༡༢ པ་དང་༡༣ པའི་ནང་ ཉམས་གསོའི་ལཱ་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
འདས་པའི་ཟླཝ་ནང་འཕུ་མི་ རླུང་འཚུབས་དེ་གིས་ གྲྭ་ཤག་གི་ ཁྱིམ་ཐོག་ཕྱེད་ཀ་ཅིག་ འཕྱགས་བདའ་ཡོདཔ་ལས་ རྫོང་ཁག་དང་ བདེ་སྲུངཔ་ཚུ་གིས་ ཉམས་གསོ་འབད་ནིའི་དོན་ལུ་ ཉིནམ་༣ འགོར་ཡོདཔ་ཨིན་པས།
རྫོང་ཉམས་གསོ་འབད་ནིའི་ འཆར་གཞི་དེ་ གཞུང་དང་པའི་སྐབས་ལས་ར་ འགོ་བཙུགས་ཡོདཔ་ད་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གནད་དོན་དེ་ རྫོང་ཁག་ཚོགས་འདུ་ ཐེངས་དག་པ་ཅིག་ནང་ར་ གསུང་གྲོས་གནང་ཡི་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་འགྱུར་མེད་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ རྫོང་ཉམས་གསོ་ཞུ་ནིའི་ གསུང་གྲོས་གནང་བཞིན་དུ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཉམས་གསོ་ཞུ་ནིའི་ལཱ་དེ་ སྲིད་ཀྱི་གནད་དོན་ཚུ་ལུ་བརྟེན་ཏེ་ ལུས་ཡོདཔ་ཨིན་ན་ ཡང་ཅིན་ ས་གནས་གཞུང་དང་ རྫོང་ཁག་གི་ཧོངས་ལས་ར་ འཐུས་ཤོར་བྱུང་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་མས།
ཁྲི་འཛིན་གྱིས་འབད་བ་ཅིན་ ནང་སྲིད་ལྷན་ཁག་གིས་ རྫོང་ཉམས་གསོ་ཞུ་ནིའི་དོན་ལུ་ ཅ་ཆས་ཚུ་ གནང་ནི་སྦེ་ ཁ་བཟེད་ཡོདཔ་བཞིན་དུ་ གནང་བའི་རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ རྫོང་དེ་ ཉམས་གསོ་སྦོམ་སྦེ་ར་ མ་ཞུ་བར་ དུས་ཡུན་རིངམོ་སྦེ་ར་ ལང་སོ་ཡི་ཟེར་ཨིན་པས།
ན་ཧིང་ཡང་ རྒྱལ་ཡོངས་ཚོགས་འདུ་ནང་ གཞལམ་སྒང་རྫོང་ཉམས་གསོ་ཞུ་ནི་དེ་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ མ་ཚུད་པའི་སྐོར་ལས་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *