བཀྲིས་གཡང་རྩེའི་ཨེ་མ་ ཨུར་ཀ་བང་ག་ལ་ བཙོང་མི་ཚུ།

དུས་ཅི་ བཀྲིས་གཡང་རྩེའི་ཨེ་མ་ ཨུར་ཀ་བང་ག་ལ་ ཐོན་ཤུགས་ཆེ་རུང་ གོང་ཚད་མར་བབས་སོང་ཡོདཔ།

༉ བཀྲིས་གཡང་རྩེའི་ ཚོད་བསྲེ་ཁྲོམ་ཁར་ དྲོ་པའི་ཆུ་ཚོད་༨:༣༠ དེ་ཅིག་ལས་ སོ་ནམ་པ་ཚུ་གིས་ ཡོངས་གྲགས་ཅན་གྱི་ཨེ་མ་ ཨུ་ཀ་བང་ག་ལ་ཟེར་མི་དེ་ བཙོང་པར་འབག་འོང་དོ་ཡོདཔ་ད་ ཨེ་མ་ནང་འདྲེན་བཀག་དམ་འབད་མི་དེ་གིས་ ས་གནས་ཀྱི་མི་ཚུ་ལུ་ ཕན་ཐོགས་བྱུང་སྟེ་འདུག།
ཨེ་མ་དེ་ ཡོངས་གྲགས་ཅན་ཅིག་ཨིན་རུང་ དུས་ཅི་ ཨེ་མ་འཛུགས་སྐྱོང་འབད་མི་ ལེ་ཤ་ཐོན་མི་དང་ ཨེ་མ་འབོལ་དྲགས་སྦེ་ འཐོབ་ཚུགས་ནི་དེ་གིས་ གོང་ཚད་དེ་ཅིག་ར་ མི་ཐོབ་དོ་ཡོདཔ་ཨིན་པས།
ཨེ་མ་ ཚོང་འབྲེལ་འཐབ་མི་ཚུ་དང་འཁྲིལ་བ་ཅིན་ ན་ཧིང་ འགོ་ཐོག་ཨེ་མ་ཐོན་སྐྱེད་འབདཝ་ད་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༥༠ ཐོབ་ཡོད་རུང་ དུས་ཅི་ དངུལ་ཀྲམ་༢༢༠ ལས་བརྒལ་ ཐོབ་མ་ཚུགས་ཟེར་ཨིནམ་ད་ ཨེ་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༢༠ དང་༡༠༠ ཐོབ་སྡོད་པའི་བར་ན་ ཚར་གཅིག་གུ་ དངུལ་ཀྲམ་༧༠ དང་༤༠ ལུ་ བབས་སོ་ཡི་ཟེར་ཨིན་པས།
སོ་ནམ་པ་ བསོད་ནམས་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ དུས་ཅི་ ཨེ་མའི་གོང་ཚད་ མར་བབས་སོང་ཡི་ཟེར་ཨིནམ་ད་ ན་ཧིང་བཟུམ་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ ཐོབ་མི་ཚུགས་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཨེ་མའི་གོང་ཚད་དེ་ རན་ཏོག་ཏོ་སྦེ་ འཐོབ་ནི་ཡོད་རུང་ དུས་ཅི་ གོང་ཚད་མར་བབས་སོང་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༢༠,༠༠༠ ཡང་ འཐོབ་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
བཀྲིས་གཡང་རྩེ་ལུ་ ཨུར་ཀ་བང་ག་ལ་དེ་ ཡོངས་གྲགས་ཅན་གྱི་ ཨེ་མ་ཨིནམ་ལས་ ས་གནས་ནང་སྡོད་མི་ཚུ་གིས་ རང་སོའི་ཕམ་དང་སྤུན་ཆ་ཚུ་ལུ་ ཁྱོསམ་སྦེ་སྐྱེལ་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ གནམ་དགུན་གྱི་དོན་ལུ་ སྐམ་བཞག་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ ཚེ་རིང་དཔལ་ལྡན་གྱིས་ སླབ་མིའི་ནང་ ས་གནས་བིམ་མཁར་ལུ་ ཨེ་མ་འཛུགས་སྐྱོང་འབད་མི་ ལེ་ཤ་ཡོདཔ་ལས་ གོང་ཚད་མར་བབས་སོང་ཡོད་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ ཨེ་མ་འཛུགས་སྐྱོང་འབད་མི་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
ན་ཧིང་ ཨེ་མ་ཧོནམ་རྐྱངམ་གཅིག་གིས་ འོང་འབབ་དངུལ་ཀྲམ་༡༢༠,༠༠༠ དེ་ཅིག་ ཐོབ་ཚུགས་ཅི་ཟེར་ མོ་གིས་བཤད་པའི་ཁར་ དུས་ཅི་ འོང་འབབ་དངུལ་ཀྲམ་༢༠,༠༠༠ ཡང་ བཟོ་མི་ཚུགས་ནི་མས་ཟེར་ཨིན་པས།
ཨ་རྟག་ར་ ཨེ་མ་བཙོང་སྡོད་མི་ མཆོད་རྟེན་བཟང་མོ་གིས་ སླབ་མིའི་ནང་ ཨེ་མ་བཙོང་ཚུགས་རུང་ གོང་ཚད་ལེགས་ཤོམ་མ་ཐོབ་ནི་དེ་གིས་ ཐ་ན་ ལཱ་འབད་མི་གི་ འཐུས་འཐོབ་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིནམ་ད་ ཨེ་མ་སྐམ་བཟོ་ཐོག་ལས་ བཙོང་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཨེ་མ་སྐམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡,༣༠༠ རེ་སྦེ་ བཙོང་ཡི་ཟེར་ཨིནམ་ད་ ན་ཧིང་ ཨེ་མ་སྐམ་བཙོང་སྟེ་ དངུལ་ཀྲམ་༢༠,༠༠༠ དེ་ཅིག་ ཐོབ་ཅི་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ རང་སྤྱོད་ནིའི་རྐྱངམ་གཅིག་མ་གཏོགས་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ འཛུགས་སྐྱོང་འབད་ནི་མེད་ཟེར་ཨིནམ་ད་ ད་རེས་ གུང་པ་ག་ར་གིས་ ཨེ་མ་འཛུགས་སྐྱོང་འབད་ནི་ཡོད་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ ཚེ་རིང་གིས་ ན་ཧིང་ ཨེ་མ་སྐམ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ བཟོ་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ ཨེ་མའི་ཚོང་འབྲེལ་གྱི་གོ་སྐབས་ བཀྲིས་གཡང་རྩེ་དང་ དོགས་གསུམ་རྐྱངམ་གཅིག་མ་གཏོགས་ ཚོང་འབྲེལ་གྱི་གོ་སྐབས་མེདཔ་ལས་ གཞུང་གིས་ གོ་སྐབས་བཟོ་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་སོ་ནམ་འགོ་དཔོན་འོགམ་ འཆི་མེད་གྲགས་པ་གིས་ སླབ་མིའི་ནང་ ཨེ་མ་བཙོང་མ་ཚུགས་པའི་ དཀའ་ངལ་དེ་ཅིག་མེད་ཟེར་ཨིནམ་ད་ ཨེ་མ་སྐམ་བཟོ་ནིའི་དོན་ལུ་ འཕྲུལ་ཆས་ཡང་ བྱིན་ཏེ་ཡོད་ཟེར་ཨིན་པས།
ཨེ་མ་ཧོནམོ་བཙོང་མ་ཚུགས་པ་ཅིན་ སྐམ་བཟོ་ཞིནམ་ལས་ ཟུར་རྫས་བཟོ་ནིའི་ གདམ་ཁ་ཡོདཔ་མ་ཚད་ ཟུར་རྫས་བཙོང་ནིའི་ ཐབས་ལམ་ཡང་ བཏོན་བྱིན་ཏེ་ཡོད་ཟེར་ འཆི་མེད་གྲགས་པ་གིས་ སླབ་ཡོད་པའི་གནས་ཚུལ།

 

བཀྲིས་གཡང་རྩེ། གནས་བརྟན་རྡོ་རྗེ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *