ཨ་ཐོད།

དུང་དཀར་དགོན་པའི་ ནང་རྟེན་འགངས་ཅན་ གླང་མགོ་གསུང་བྱོནམ་དང་ ཨ་ཐོད་ཀྱི་ལོ་རྒྱུས།

༉ གླང་མགོ་གསུང་བྱོནམ་དང་ ཨ་ཐོད་༢ པོ་དེ་ པདྨ་དགའ་ཚལ་ མཁར་རྒེད་འོག་ དུང་དཀར་དགོན་པའི་ ནང་རྟེན་འགངས་ཅན་ཨིན་རུང་ ད་རེས་ དེ་གི་སྐོར་ལས་ ལོ་རྒྱུས་ཤེས་མི་ མཁར་གཡུས་ཚན་ལས་ ཨ་རྒས་ལུང་བསྟན་རྒྱ་མཚོ་རྐྱངམ་གཅིག་མ་གཏོགས་ གཞན་མེདཔ་ཨིན་པས།
གླང་མགོ་གསུང་བྱོནམ་དེ་ཡང་ མི་ཚུ་གིས་ ཁོང་རའི་ཁ་སྐད་ ཚངས་ལྷ་ནང་ ཏོ་ཀ་གསུང་བྱོན་མ་ཟེར་ སླབ་དོ་ཡོདཔ་བཞིན་དུ་ ཨ་ཐོད་ཟེར་མི་དེ་ ཡི་གུ་ཨ་རང་བཞིན་གྱིས་བྱོན་མི་ ཐོདཔ་དེ་ལུ་ སླབ་ཨིན་པས།
སྐྱེས་ལོ་༨༥ ལང་མི་ ཨ་རྒས་ལུང་བསྟན་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུང་དཀར་དགོན་པ་ལུ་ རང་ཟླ་༣ པའི་ནང་ ཉིན་གྲངས་༤ གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་མ་འཐབ་པའི་ བདུན་ཕྲག་༡ དེ་ཅིག་གི་ ཧེ་མ་ལས་ མཁར་རྒེད་འོག་གི་ སྤྱི་འོག་༣ གྱི་ མི་ཚུ་གིས་ ནོར་སེམས་ཅན་ག་ར་དང་གཅིག་ཁར་ གཡུས་ཚན་སྟོངམ་ཐོན་ཏེ་ ཚེས་བཅུ་མཇལ་བར་ འགྱོ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལོ་བསྟར་ཚེས་བཅུ་དེ་ མཇུག་བསྡུ་ཞིནམ་ལས་ སྤྱི་འོག་༣ གྱི་ མི་ཚུ་གིས་ ནོར་སེམས་ཅན་དང་སྦྲགས་ཏེ་ མཛར་ཅུམ་བཟའ་ནི་ལ་སོགས་པའི་ སྤྲོ་སྟོན་ལས་རིམ་གྱི་དོན་ལུ་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གྱི་ཉེ་འདབས་ལུ་ཡོད་མི་ བཙོ་ཁེ་ཟེར་སར་ འགྱོ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུང་དཀར་དགོན་པའི་ ཞལ་འབག་གི་རིགས་ཚུ་ཡང་ ཁོ་གི་ ཨ་རྒས་ཀྱི་ཨ་པ་ ཚེ་དབང་བསམ་གྲུབ་ཀྱིས་ བཟོ་ཡོདཔ་བཞིན་དུ་ མི་ཚུ་ བཙོ་ཁེ་ལུ་ མཛར་ཅུམ་ལ་སོགས་པའི་ སྤྲོ་སྟོན་གྱི་དོན་ལུ་ འགྱོ་བའི་སྐབས་ ཨ་རྒས་ཚེ་དབང་བསམ་གྲུབ་དེ་ ཞལ་འབག་ཚུ་ ཚོན་བཏང་ནི་ཡོདཔ་ལས་ མི་འགྱོ་ཟེར་སླབ་སྟེ་ མ་འགྱོ་བར་ སྡོད་ནུག་ཟེར་ཨིན་པས།
དེ་ལས་ ཨ་རྒས་ཚེ་དབང་བསམ་གྲུབ་ཀྱིས་ ཞལ་འབག་ཚུ་ ཚོན་གཏང་ནིའི་དོན་ལུ་ འབག་འགྱོ་བའི་སྐབས་ ཞལ་འབག་གླང་མགོ་དེ་ ཚོན་ལེགས་ཤོམ་སྡོདཔ་ལས་ ལྷ་ཁང་ནང་ བཀོག་བཞག་ཡོདཔ་བཞིན་དུ་ ཞལ་འབག་གཞན་མི་འབག་སྟེ་ ཁམ་ཤིང་མེ་སྣང་ཟེར་ལྷོདཔ་ད་ བ་མེན་གྱི་སྐད་བཟུམ་སྦེ་ སྐད་རིངམོ་སྦེ་ ཚར་༣ རྐྱབ་སར་ གོ་ནུག་ཟེར་ཨིན་པས།
ཨ་རྒས་ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ སྐད་དེ་ ཨ་རྒས་ཚེ་དབང་བསམ་གྲུབ་ཀྱི་ གནས་ཚང་གིས་ཡང་ གོ་ཡོདཔ་བཞིན་དུ་ མོ་གིས་ དུང་དཀར་དགོན་པ་ལུ་ ནོར་སེམས་ཅན་གྱི་རིགས་ཚུ་ ག་ནི་ཡང་མེདཔ་ལས་ ག་ཅི་གི་ སྐད་ཨིན་ན་ཟེར་ དྲིས་ནུག་ཟེར་ཨིན་པས།

གླང་མགོ་གསུང་བྱོན་མ།

ཁོ་གིས་ སླབ་མིའི་ནང་ ཨ་རྒས་ཚེ་དབང་བསམ་གྲུབ་ཀྱིས་ དགོན་པ་ལུ་ཡོད་པའི་ ནོར་སེམས་ཅན་ཚུ་གི་ སྐད་མེན་པར་ ཞལ་འབག་གཞན་མི་ཚུ་ ཚོན་གཏང་པར་ འབག་འོང་པའི་སྐབས་ གླང་མགོ་དེ་ ཁོ་ར་རྐྱངམ་གཅིག་སྦེ་ ལྷ་ཁང་ནང་ བཀོག་བཞག་ནི་དེ་གིས་ སེམས་མ་དགའ་བར་ སྐད་ཡོདཔ་སྦེ་ སླབ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གླང་མགོ་གིས་ སྐད་རྐྱབ་མི་དེ་ ཨ་རྒས་ཚེ་དབང་བསམ་གྲུབ་དང་ ཁོ་གི་ གནས་ཚང་རྐྱངམ་གཅིག་གིས་མེན་པར་ གཡུས་མི་གཞན་ཚུ་གིས་ཡང་ གོ་ཡོདཔ་སྦེ་ ལོ་རྒྱུས་ཚུ་ ཤེས་ནི་འདུག་ཟེར་ཨིནམ་ད་ དེ་ལས་ཚུར་ ཏོ་ཀ་ཟེར་ གླང་མགོ་གསུང་བྱོན་མ་ཟེར་ ཡོངས་གྲགས་སོང་ཡོདཔ་ཨིན་པས།
གླང་མགོ་གི་ བཟོ་རྣམ་དེ་ཡང་ གཞན་དང་མ་འདྲཝ་སྦེ་ ཡོད་པའི་ཁར་ གླང་མགོ་དེ་ ད་རེས་ མི་ལོ་༢༠༠ ལྷག་ཙམ་ཅིག་ ལང་ཡོད་རུང་ གླང་མགོ་བཟོ་མི་ཤིང་དེ་ འབུཔ་ལ་སོགས་པ་ ག་ཅི་ཡང་མ་ཟུན་པར་ སྒྲིང་སྒྲི་ཡོད་པའི་ཁར་ ཚོན་དེ་ཡང་ ཧེ་མ་ག་བཏང་མི་དེ་ཨིནམ་སྦེ་ མི་ཚུ་གིས་ སླབ་ནི་འདུག།
ཨ་ཐོད་ཀྱི་ལོ་རྒྱུས།
དུང་དཀར་དགོན་པའི་ ནང་རྟེན་རྩ་ཅན་གཞན་མི་དེ་ ཨ་ཐོད་ཨིན་རུང་ ཨ་ཐོད་ཀྱི་སྐོར་ལས་ རྒྱལ་རབས་དང་ ཡང་ཅིན་ ཡིག་ཐོག་གུ་ ཁ་གསལ་བཀོད་བཞག་བཞགཔ་མེད་པའི་ གདུང་མཁར་དགོན་པ་ལུ་ བླམ་མང་རབས་ཅིག་གིས་ ཞབས་ཀྱིས་བཅགས་ཡོདཔ་ལས་ བླམ་ག་གི་ དབུ་ཐོད་ཨིན་ན་ ཤེས་རྟོགས་ཡོད་མི་ ག་ཡང་མེདཔ་ཨིན་པས།
ཨིན་རུང་ མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕམ་རྒན་ཤོས་ཚུ་གིས་ ཧེ་མ་ གདུང་མཁར་དགོན་པའི་ ཉེ་འདབས་ལུ་ བླམ་པདྨ་བཀྲིས་ཟེར་ སྒྲུབ་པ་གནང་བཞུགས་མི་ གྲུབ་ཐོབ་རྩ་ཅན་ཅིག་ བཞུགས་ཡོད་མིའི་ དབུ་ཐོད་ཨིན་པའི་ ལོ་རྒྱུས་ཚུ་ སླབ་ནི་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཨ་ཐོད་ཀྱི་སྐོར་ལས་ ལོ་རྒྱུས་ཁ་གསལ་ཤེས་རྟོགས་ཡོད་མི་ ག་ཡང་མེད་རུང་ རྒྱལ་ཁབ་ནང་ ཡི་གུ་ཨ་རང་བྱོན་གྱི་ ཐོདཔ་༣ དེ་ཅིག་ཡོད་པའི་ ལོ་རྒྱུས་དང་འཁྲིལཝ་ད་ གཅིགཔོ་དེ་ ད་ལྟོ་ དུང་དཀར་དགོན་པ་ལུ་ ཡོད་མི་དེ་ཨིནམ་སྦེ་ སླབ་དོ་ཡོདཔ་ལས་ དགོན་པའི་ནང་རྟེན་སྦེ་ ཐོབ་ཚུགས་མི་དེ་གིས་ར་ སྐལ་བ་བཟང་ནུག་ཟེར་ཨིན་པས།
ཨ་རྒས་ལུང་བསྟན་རྒྱ་མཚོ་གིས་ སླབ་མིའི་ནང་ མི་ངན་ཚུ་གིས་ གླང་མགོ་དང་ ཨ་ཐོད་༢ ཚར་ལེ་ཤ་ཅིག་ར་ ཨརཝ་རྐྱབ་ནིའི་ དཔའ་བཅམ་ཡོདཔ་བཞིན་དུ་ ཞལ་འབག་གཞན་གྱི་རིགས་ཚུ་ ཨརཝ་རྐྱབ་འབག་ཡོད་རུང་ གླང་མགོ་དང་ ཨ་ཐོད་༢ རྩ་ལས་ར་ འབག་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ ནང་རྟེན་དེ་༢ འབག་མ་ཚུགས་མི་དེ་ བྱིན་རླབས་ཅན་དང་ རྩ་ཅན་ཨིན་མི་ལུ་བརྟེན་ ཨིནམ་འོང་ཟེར་ཨིནམ་ད་ ད་རེས་ ནང་རྟེན་༢ པོ་དེ་ ལོ་བསྟར་ཚེས་བཅུའི་སྐབས་ལུ་མ་གཏོགས་ མཇལ་ཁ་གནང་ནི་མེདཔ་བཞིན་དུ་ ཉེན་སྲུང་གི་དོན་ལུ་ ཚེས་བཅུ་གྲོལ་ཞིནམ་ལས་ གདུང་མཁར་དགོན་པ་ལུ་མེན་པར་ མཁར་ལྷ་ཁང་ནང་ བཞག་དོ་ཡོདཔ་སྦེ་ བཤདཔ་མས་ཟེར་ ཞུ་ནི་ཨིན།

སྐལ་བཟང་དབང་ཕྱུག། པདྨ་དགའ་ཚལ།

 

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *