བར་དོའི་ རཀྴ་དམངས་འཆམ་ རྐྱབ་པའི་བསྒང་།

དར་རྒྱས་འུང་གི་ ཚེས་བཅུའི་སྐབས་ལུ་རྐྱབ་མི་ བར་དོ་རཀྴ་དམངས་འཆམ་གྱི་ བྱུང་རབས།

༉ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ ལོ་བསྟར་ཚེས་བཅུའི་སྐབས་ བར་དོའི་སྐུ་འཆམ་ཟེར་ རཀྴ་དམངས་འཆམ་ཚུ་ ཧ་ལམ་ ཆ་འདྲ་སུ་སྦེ་ཡོད་རུང་ བསམ་གྲུབ་ལྗོངས་མཁར་ གསེར་ཐིག་རྒེད་འོག་ དར་རྒྱས་འུང་གི་ བར་དོའི་རཀྴ་དམངས་འཆམ་དེ་ གཞན་དང་མ་འདྲཝ་སྦེ་ རྐྱབ་སྲོལ་འདུག།
དེ་ཡང་ ཧེ་མར་ གླང་གདོང་ཕོ་མོ་༢ ཐོན་ཏེ་ འཆམ་གྱི་ལེའུ་ཅིག་ རྐྱབ་ཚར་ཞིནམ་ལས་ གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ སྦོ་ལོགས་ཁར་ བཞུགས་དོ་ཡོདཔ་ད་ དེ་གི་ཤུལ་ལས་ ཁྱུང་གདོང་ཕོ་མོ་ལ་སོགས་པའི་ འཆམ་རེ་རེ་བཞིན་དུ་ཐོན་ཏེ་ ཁོང་རའི་ལེའུ་ ཚར་ཞིནམ་ལས་ ཆོས་རྒྱལ་གྱི་ སྦོ་ལོགས་ཁར་བཞུགསཔ་ཨིན་མས།
འཕགས་མཆོག་དགོན་པ་བཤད་གྲྭའི་མཁན་པོ་ ཚེ་དབང་འགྱུར་མེད་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ བར་དོའི་འཆམ་དེ་ འགོ་དང་པ་ དུས་རབས་༡༧ པའི་ནང་ བྱུང་ཡོདཔ་བཞིན་དུ་ གསེར་ཐིག་རྒེད་འོག་ འཕགས་མཆོག་དགོན་པ་ལུ་ འགོ་དང་པ་ དུས་རབས་༢༠ པའི་ནང་ འཕགས་མཆོག་དགོན་པའི་བླམ་གིས་ གཞི་བཙུགས་མཛད་གནང་ནུག་ཟེར་ཨིན་པས།
མཁན་པོ་གིས་ བཤད་མིའི་ནང་ བར་དོའི་འཆམ་གཞན་བཟུམ་སྦེ་མེན་པར་ རེ་རེ་སྦེ་ཐོན་མི་དེ་ གཤིན་རྗེ་ཆོས་ཀྱི་རྒྱལཔོ་གིས་ མི་ཡུལ་ལས་ མི་ཅིག་ཤི་སྟེ་ ལྷོད་ཡོདཔ་ལས་ ཁྱོད་ཆ་ཁྱབ་འཛོམས་དགོ་པས་ཟེར་ བཀའ་གནང་ནི་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་གཞན་ཁར་འབད་བ་ཅིན་ ཚེས་བཅུའི་སྐབས་ བར་དོའི་རཀྴ་དམངས་འཆམ་དེ་ འཆམ་པ་༢༡ དེ་ཅིག་ ཐོན་སྲོལ་ཡོདཔ་ཨིན་རུང་ དར་རྒྱས་འུང་ལུ་རྐྱབ་མི་ བར་དོའི་རཀྴ་དམངས་འཆམ་སྐབས་ གླང་གདོང་ཕོ་མོ་དང་ ཁྱུང་གདོང་ཕོ་མོ་ ཕག་གདོང་ཕོ་མོ་ དོམ་གདོང་ཕོ་མོ་ སེང་གདོང་ སྤྲེལ་གདོང་ དེ་ལས་ སྦྲུལ་གདོང་དང་ སྟག་གདོང་བཅས་༡༢ ལས་བརྒལ་ ཐོན་ནི་མེདཔ་ཨིན་པས།
མཁན་པོ་གིས་ བཤད་མིའི་ནང་ བར་དོའི་འཆམ་ཟེར་ ཉིན་གྲངས་༢ ཀྱི་རིང་ མཇལ་ཁ་གནང་མི་དེ་ མི་ག་ར་འབད་རུང་ ཤི་ཚར་བའི་ཤུལ་ལུ་ བར་དོ་ལུ་ ལྷོད་ཞིནམ་ལས་ ལས་དགེ་སྡིག་གི་ དབྱེ་དཔྱད་འབད་ནི་ཡོད་མི་ལུ་བརྟེན་ དགེ་སྒྲུབ་སྡིག་སྤོང་གི་བྱ་བ་ལུ་ བརྩོན་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྐུ་འཆམ་དེ་ བྱིན་རླབས་ཅན་ཅིག་ ཨིན་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ གསུངས་ཡོད་མི་ སྲིད་པའི་བར་དོ་དེ་ གཏེར་སྟོན་ཀརྨ་གླིང་པ་གིས་ གཏེར་བཞེས་པའི་ཤུལ་ལས་ གཏེར་སྟོན་པདྨ་གླིང་པའི་ སྐུ་ཚ་བོའི་གདུང་བརྒྱུད་ལས་ བརྒྱུད་བརྒྱུདཔ་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤིང་མཁར་ལའུ་རི་ལུ་རྐྱབ་མི་ བར་དོའི་འཆམ་དེ་ རཏྣ་གླིང་པའི་གདུང་བརྒྱུད་ བཀྲིས་སྒང་ཡོན་ཕུག་ཆོས་རྗེ་དང་ པད་གླིང་གདུང་བརྒྱུད་༢ ལས་བརྒྱུད་མི་དེ་ཨིནམ་ལས་ ད་རེས་ ལའུ་རི་རྒེད་འོག་ མོམ་རིང་དང་ གསེར་ཐིག་རྒེད་འོག་ དར་རྒྱས་འུང་ འཕགས་མཆོག་དགོན་པ་ གསེར་ཐིག་དང་ མོན་ཏ་ཝང་ཀ་ལ་ཐང་ལ་སོགས་པ་ཚུ་ནང་ རྐྱབ་ནི་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀྲིས་སྒང་ཡོན་ཕུ་ལའི་ ཡོངས་གྲགས་ལུ་ ཁོ་ལོང་ཚེས་བཅུ་ཟེར་མི་དེ་ ཁྲིམས་ཤིང་རྐང་པ་ར་ཚུ་ནང་ རྐྱབ་ནི་ཡོད་ཟེར་ཨིནམ་ད་ སྐུ་འཆམ་དེ་ བྱིན་རླབས་ཅན་ཅིག་ཨིན་རུང་ དར་ཁྱབ་རྒྱ་ཆེཝ་སྦེ་ འགྱོ་མ་ཚུགསཔ་ལས་ མ་འོངས་པར་ཉམས་ནིའི་ཉེན་ཁ་ ཡོད་མི་ལུ་བརྟེན་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།
མཁན་པོ་གིས་ བཤད་མིའི་ནང་ བར་དོའི་འཆམ་ ཉིནམ་༢ ཀྱི་རིང་ མཇལ་ཁ་གནང་མི་ལས་ ཉིནམ་དང་པའི་སྐབས་ བར་དོའི་འཆམ་ག་ར་ ཐོན་ཚར་ཞིནམ་ལས་ ཆོས་རྒྱལ་གྱི་བཀའ་དང་འཁྲིལ་ དམངས་འཆམ་རྐྱབ་པའི་ཤུལ་ལུ་ སྡིག་ཅན་དམྱལ་བུམ་འཚོལ་ཏེ་ ཆོས་རྒྱལ་གྱི་སྐུ་མདུན་ལུ་ བསྐྱལ་ཞིནམ་ལས་ ལྷ་དཀར་པོ་གིས་ དམྱལ་བའི་ནང་ མི་གཏང་ནིའི་དོན་ལུ་ ག་དེམ་ཅིག་ ཐབས་ལམ་བཏོན་རུང་ འདྲེ་གནག་ཅུང་རྒྱལ་མི་ལུ་བརྟེན་ དམྱལ་བའི་ནང་ ཁྱིད་འབགཔ་ཨིན་པས།
སྡིག་ཅན་དམྱལ་བུམ་ དམྱལ་བའི་ནང་ ཁྱིད་བདའ་བའི་སྐབས་ ལམ་ནག་པོའི་ཚུལ་ལུ་ ཁ་ཤ་གནགཔོ་ཅིག་ འཐིང་ཞིནམ་ལས་ འབག་དོ་ཡོདཔ་ད་ དེའི་སྐབས་ དམྱལ་བའི་ནང་སྐྱེས་མི་ ལས་ཅན་ཚུ་ དམྱལ་བ་ལས་ མགྱོགས་པར་ཐར་ཏེ་ སངས་རྒྱས་ཀྱི་ གོ་འཕང་འཐོབ་པར་ཤོག་ཅི་ཟེར་ སྨོན་ལམ་བཏབ་པའི་ཚུལ་ལུ་ སྲོག་ལེན་ཟེར་ འབད་དོ་ཡོད་མི་དེ་ བར་དོའི་འཆམ་གཞན་ཚུ་ནང་མེད་པའི་ ཁྱད་ཆོས་ཅིག་ཨིན་པས།
དེ་ལས་ བར་དོའི་འཆམ་ ཉིནམ་༢ པའི་ནང་ འཆམ་རེ་རེ་བཞིན་དུ་ ཐོན་ཚར་བའི་ཤུལ་ལུ་ ཆོས་རྒྱལ་གྱི་ བཀའ་དང་འཁྲིལ་ དམངས་འཆམ་རྐྱབ་ཐོག་ལས་ ཁྱིམ་བདག་དཔལ་སྐྱིད་ཁྱིད་དེ་ ཆོས་རྒྱལ་གྱི་ སྐུ་མདུན་ལུ་ལྷོདཔ་ད་ ཁྱིམ་བདག་དཔལ་སྐྱིད་ཁོ་ར་ མི་ཡུལ་ལུ་ སྡོད་པའི་སྐབས་ གླང་ཅིག་བསད་ཡོདཔ་ལས་ འདྲེ་གནག་ཅུང་གིས་ དམྱལ་བའི་ནང་ འཁྱིད་ནིའི་དོན་ལས་ ཆོས་ཀྱི་རྒྱལཔོ་ལུ་ གླང་བསད་པའི་སྐོར་ལས་ ཞུ་བ་འབདཝ་ཨིན་པས།
ཨིན་རུང་ ལྷ་དཀར་པོ་གིས་ ཁྱིམ་བདག་དཔལ་སྐྱིད་ཀྱིས་ གླང་ཅིག་བསད་ཡོད་རུང་ དེ་གི་དོན་ལུ་ དགེ་བ་ཚད་མེདཔ་ཅིག་ སྒྲུབ་ཡོད་པའི་སྐོར་ལས་ ཞུ་མི་ལུ་བརྟེན་ དམྱལ་བའི་ནང་མེན་པར་ ལམ་དཀར་པོའི་ཚུལ་ལུ་ ཁ་ཤ་དཀརཔོ་ཅིག་འཐིང་སྟེ་ སངས་རྒྱས་ཀྱི་ གོ་འཕང་ལུ་ ཁྱིད་འགྱོ་བའི་སྐབས་ དམྱལ་ཁམས་ནང་འཁྱམས་མི་ སེམས་ཅན་ཚུ་ ཁོ་གིས་ སངས་རྒྱས་ཀྱི་ གོ་འཕང་ཐོབ་ཡོདཔ་བཟུམ་སྦེ་ ཁོང་གིས་ཡང་ འཐོབ་བཅུག་ཅི་ཟེར་ སྨོན་ལམ་བཏབ་ནིའི་དོན་ལས་ ད་རུང་ སྲོག་ལེན་འབད་ནི་འདུག།
མཁན་པོ་ཚེ་དབང་འགྱུར་མེད་ཀྱིས་ སྲོག་ལེན་འབད་མི་དེ་གིས་ དམྱལ་བའི་ནང་སྐྱེས་མི་ སེམས་ཅན་ཚུ་ དམྱལ་བ་ལས་ཐར་ཏེ་ སངས་རྒྱས་ཀྱི་ གོ་འཕང་འཐོབ་ནི་དང་ གསོན་པོ་ཚུ་ལུ་ ད་ལྟོ་ བར་ཆད་སེལ་བའི་རིམ་གྲོ་དང་ ཕྱི་མར་དམྱལ་བའི་ནང་ མི་ལྷུང་ནིའི་ ཕན་ཡོན་ཡོད་རུང་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ ཚེས་བཅུའི་བར་དོ་སྐབས་ སྲོག་ལེན་འབད་སར་ མ་མཇལཝ་སྦེ་ བཤདཔ་མས་ཟེར་ ཞུ་ནི་ཨིན།

གསེར་ཐིག་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བསམ་རྩེ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིནམ།

༉ བསམ་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༤༧,༣༦༠ ཡོད་ས་ལས་ བརྒྱ་ཆ་༦༠.༣ གྱིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ གྱངས་ཁ་ཉུང་སུ་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ལས་༢༨,༥༦༨ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་ཕྱདཔ་ད་ …

Leave a Reply

Your email address will not be published. Required fields are marked *