ཆར་ཆུ་ལུ་བརྟེན་ འབྲུག་རྗེས་སྒང་ལུ་ འདབ་མ་ཀོ་པི་རྐྱངམ་གཅིག་ རུལཝ་མེན་པར་ ཨེ་མ་ཤིང་ཚུ་ཡང་ སྐམ་འགྱོ་བའི་མཐོང་སྣང་།

དར་དཀར་ནང་ལུ་ ཆར་ཆུ་གིས་ ཚོད་བསྲེ་མེདཔ་བཏང་ཡོདཔ།

༉ ན་ཧིང་ མོ་བཏབ་འབདཝ་ད་ མཐར་འཁྱོལ་བྱུང་པའི་ཁར་ སློབ་གྲྭ་ལྟེ་བ་ཚུ་ནང་ བཙོང་ནི་གི་ འོས་འབབ་ལེགས་ཤོམ་ཡོད་མི་ལུ་བརྟེན་ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ནང་ཡོད་མི་ མཐུན་པ་སྤུན་བཞི་སོ་ནམ་སྡེ་ཚན་གྱིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ དུས་ཚོད་མེན་པའི་ཚོད་བསྲེ་ འདབ་མ་ཀོ་པི་ ས་ཞིང་ཨེ་ཀར་༡ ནང་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
འདས་པའི་ཟླཝ་ཚུ་ནང་ ཆརཔ་རྒྱུན་ཆད་མེད་པར་ མ་རྐྱབ་པ་ཅིན་ ད་རེས་ སྡེ་ཚན་དེ་གི་ སོ་ནམ་པ་ཚུ་ ད་ཚུན་གྱི་བར་ན་ དཀའཝ་སྤྱད་དེ་ ལཱ་འབད་བའི་ ཐོན་སྐྱེད་ཚུ་ བསྡུ་ཐོག་ལས་ འདུ་འཛི་ཅན་སྦེ་ སྡོད་ཡོདཔ་འོང་ནི་ཨིན་པས།
སྤྱི་ཟླ་༥ པ་དང་༦ པའི་ནང་ ཚོད་ཞིང་ཚུ་ སྔོ་ལྗང་དང་ལྡནམ་སྦེ་ མཐོང་གསལ་བྱུང་ཡོད་རུང་ ད་རེས་འབདཝ་ད་ འདབ་མ་ཀོ་པའི་ འདབ་མ་ག་ར་ རུལ་ཡོདཔ་མ་ཚད་ ཨེ་མ་ཤིང་ཚུ་སྐམ་ཏེ་ སྤང་ཐང་བཟུམ་ཅིག་ལུ་ གྱུར་ཡོདཔ་ལས་ སོ་ནམ་པ་ཚུ་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ དབུགས་འགམ་སྡོད་ཡོདཔ་ཨིན་པས།
འཐུས་མི་༡༦ ཡོད་མི་ སོ་ནམ་སྡེ་ཚན་གྱི་ཁྲི་འཛིན་ ཚེ་རིང་བཀྲ་ཤིས་ཀྱིས་ སླབ་མིའི་ནང་ འདབ་མ་ཀོ་པི་ཚུ་རུལ་ནི་ འགོ་བཙུགས་ཏེ་ ཟླཝ་ལྷག་སོ་ཡི་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་འབད་བ་ཅིན་ ཟླཝ་འདི་ནང་ གནམ་བྱཱར་གྱི་ ཆར་ཆུ་འབོལ་དྲགས་ནི་དེ་གིས་ ས་ཞིང་ཚུ་ནང་ འཛུགས་སྐྱོང་འབད་མི་ ཨེ་མ་དང་ སྲནམ་ཅུམ་ཚུ་ཡང་ རུལཝ་མས་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ རྒེད་འོག་དེ་ནང་ འདབ་མ་ཀོ་པི་ཚུ་ གནམ་དགུན་ལུ་རྐྱངམ་གཅིག་ རྒྱ་ཆེཝ་སྦེ་ འཛུགས་སྐྱོང་འབད་མི་དེ་ཡང་ སྤྱི་ཟླ་༩ པའི་ཟླ་མཇུག་ཁམས་ཅིག་ཁར་ལས་ སྤྱི་ཟླ་༡༠ པའི་སྔ་ཆ་ལུ་ ལྕང་སོན་ཚུ་ སྤོ་བཙུགསཔ་ཨིན་པས།
ན་ཧིང་ གནམ་བྱཱར་གྱི་སྐབས་ སོ་ནམ་སྡེ་ཚན་གྱིས་ མོ་བཏབ་ཐོག་ འཛུགས་སྐྱོང་འབད་མི་ལས་ ཐོན་སྐྱེད་ལེགས་ཤོམ་ བསྡུ་ཚུགསཔ་ལས་ དུས་ཅི་ ཐོན་སྐྱེད་ཡར་སེང་འབད་ནི་གི་ རེ་བ་བསྐྱེད་ཡོད་རུང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཚོད་བསྲེའི་ཐོན་སྐྱེད་ལུ་ བར་ཆད་རྐྱབ་ཅི་ཟེར་ སོ་ནམ་པ་ཚུ་གིས་ བཤདཔ་ཨིན་པས།
སོ་ནམ་པ་ སངས་རྒྱས་བཟང་མོ་གིས་ སླབ་མིའི་ནང་ སོན་འགོ་དང་པ་བཏབ་མི་ཚུ་ མེདཔ་བཏང་པའི་ཤུལ་ལས་ ལྕང་སོན་ཚར་ལེ་ཤ་བཙུགས་ཡོད་རུང་ དཀའ་ངལ་འཕྲོ་མཐུད་བྱུང་ཡི་ཟེར་ཨིནམ་ད་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་དེ་གིས་ ཁོང་གི་ལཱ་ཤུལ་མེདཔ་ བཟོ་ད་ཡི་ཟེར་ མོ་གིས་ བཤདཔ་ཨིན་པས།
སོ་ནམ་པ་ འཕྲིན་ལས་དབང་ཕྱུག་གིས་འབད་བ་ཅིན་ གནམ་བྱཱར་གྱི་ ཆར་ཆུ་གིས་ ཁོ་གི་ཞིང་ནང་ འདབ་མ་ཀོ་པི་མེ་ཊིག་ཊཱན་༢ དེ་ཅིག་ མེདཔ་བཏང་ཡོདཔ་ལས་ གྱོང་རྒུད་ཕོག་ཅི་ཟེར་ཨིན་པས།
སློབ་གྲྭ་ཚུ་ སྒོ་བསྡམས་པའི་ཤུལ་ལས་ ས་གནས་ལས་ འདབ་མ་ཀོ་པིའི་ མཁོ་འདོད་བཀོད་མི་མེདཔ་ལས་ ཚོད་བསྲེ་མེ་ཊིག་ཊཱན་༣ དེ་ཅིག་ མེདཔ་ཡར་སོ་ཡི་ཟེར་ སོ་ནམ་པ་ཚུ་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༣ པའི་ནང་ སོ་ནམ་སྡེ་ཚན་གྱིས་ གཞུང་ལུ་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་མེ་ཊིག་ཊཱན་རེ་ ཞལ་འདེབས་སྦེ་ ཕུལ་ཡོདཔ་ཨིན་པས།
ད་རེས་ནངས་པར་ སོ་ནམ་པ་ཚུ་གིས་ ཉ་ཁག་ཅུང་འཛུགས་སྐྱོང་འབད་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ རྫོང་ཁག་སོ་ནམ་སྡེ་ཚན་ལས་ སོན་དང་ ཐབས་རིག་གི་ རྒྱབ་སྐྱོར་ཐོབ་བཞིན་དུ་ཡོད་རུང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ལཱ་རྩ་འགེངས་ཏེ་ འབད་མི་དང་ ཐོན་ཁུངས་ཚུ་ ཆུད་ཟོས་འགྱོ་ནི་མས་ཟེར་ ཚེ་རིང་བཀྲ་ཤིས་ཀྱིས་ བཤད་པའི་ཁར་ ཚོད་བསྲེའི་རིགས་མ་འདྲཝ་ཚུ་ གནམ་བྱཱར་གྱི་ དུས་ཚོད་མཇུག་བསྡུ་ཞིནམ་ལས་ རྒྱ་ཆེཝ་སྦེ་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་འོང་ཟེར་ བཤདཔ་ཨིན་པས།
དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ ནང་འཁོད་ལུ་ ཚོད་བསྲེ་བཙོང་སར་ མེད་མི་ལུ་བརྟེན་ ཚོད་བསྲེའི་ཐོན་སྐྱེད་ བསྡུ་ནི་ལུ་ ཕྱིས་མི་ལུ་བརྟེན་ཨིན་ཟེར་ སོ་ནམ་པ་ཅིག་གིས་ བཤདཔ་ཨིན་པས།
ད་རེས་ སྡེ་ཚན་གྱིས་ འབྲུག་རྗེས་སྒང་སློབ་གྲྭ་ལྟེ་བ་ལུ་ ཚོད་བསྲེ་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ ང་བཅས་ཀྱིས་ ཚོད་བསྲེ་ཚུ་གི་གྲས་ལས་ མང་ཤོས་ར་ ཀེ་བ་བཀྲམ་སྤེལ་འབད་དོ་ཟེར་ སོ་ནམ་པ་ཅིག་གིས་ བཤད་པའི་ཁར་ ལྷག་ལུས་ཚུ་ ས་གནས་ཀྱི་ཁྲོམ་ཁར་ བཙོང་དོ་ཟེར་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *